ཨ་ལ་ལ་མོ་ཚོང་ལས་ཁང་གིས་ཚོང་ར་དྲ་ཚིགས་དབུ་འབྱེད་བྱས་སོང་།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཕྱི་དྲོར་དྷ་ས་མེག་གྷན་ཁོར་ཡུག་ཚོགས་ཁང་དུ། སློབ་ཆེན་སློབ་མ་ཚེ་རིང་ལྷ་མཆོག་ནས་གཉེར་བཞིན་པའི་ཨ་ལ་ལ་མོ་ཚོང་ལས་ཁང་གི་དྲ་རྒྱ་གསར་པ་ཚོང་ར་ཞེས་པ་དེ། དྷ་ས་ས་གནས་བདེ་དོན་ཟླ་བ་རིན་ཆེན་གྱིས་དངོས་སུ་དབུ་འབྱེད་གནང་སོང་ཞིང་། ཚོང་ལས་ཁང་གི་དྲ་ཚིགས་ཁ་བྱང་ནི་(tsongra.com)ཞེས་པ་དེ་རེད་འདུག

མཛད་རིམ་གྱི་ཐོག་མར་ཚོང་ལས་ཁང་གསར་འཛུགས་གནང་མཁན་དང་དྲ་ཚིགས་གསར་བཟོ་གནང་མཁན་ཚེ་རིང་ལྷ་མཆོག་གིས་དྲ་ཚིགས་གསར་སྐྲུན་བྱེད་དགོས་པའི་རྒྱབ་ལྗོངས་དང་དགོས་དམིགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་ཞིང་། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དྷ་སའི་ས་འགོ་ཟླ་བ་རིན་ཆེན་གྱིས་དྲ་རྒྱ་དབུ་འབྱེད་གྲུབ་པ་དང་བསྟུན། ད་ལྟའི་ཚོང་གི་ཁ་ཕྱོགས་དེ་སྔོན་མ་བཞིན་རང་སོར་མ་གནས་པར་སྤྱི་ཚོགས་དང་འཛམ་གླིང་གི་འགྱུར་འགྲོས་ལ་དཔག་པ་ཞིག་ཡོང་བ་བྱེད་དགོས་སྐོར་དང་། ཀུ་ཤུ་ཚོང་ལས་ཁང་ལྟ་བུ་དྲ་ཐོག་ནས་ཚོང་ལས་གཉེར་མཁན་གོ་ལའི་ཁྱོན་དུ་ཧ་ཅང་གི་ཁྱབ་ཆེན་པོ་དང་ཤུགས་ཆེན་པོ་ཡིན་སྐོར་དང་དེའི་གལ་གནད། ཚོང་ར་དྲ་ཚིགས་འདི་འཛམ་གླིང་སྤྱི་ཡོངས་ཀྱི་ཚོང་རའི་ནང་དཔུང་པ་གཉམ་གཤིབ་ཐོག་ནས་འགྲོ་ཐུབ་པར་འབད་བརྩོན་བྱེད་དགོས་སྐོར་སོགས་གསུངས་སོང་བ་མ་ཟད། སྤྱིར་བོད་པའི་ལོ་རྒྱུས་ནང་ལྟོས་ས་ལྟོས་འཇོག་གི་ཆ་ནས་བཤད་ན་རོང་འབྲོག་གི་འཚོ་བ་སྐྱེལ་མཁན་མང་པོ་ཡོད་པ་ལས་ཚོང་ལས་བྱེད་མཁན་ཤུགས་ཆེན་པོ་དང་གྲངས་འབོར་མང་པོ་དེ་ཙམ་མེད་པ་དང་།  དུས་འགྱུར་གྱི་རྗེས་སུ་བཙན་བྱོལ་ནང་ནས་གནས་བབ་དང་འགྱུར་འགྲོས་མང་པོ་ཞིག་ལ་བརྟེན་ནས་ཁག་ཅིག་གིས་སུད་ཚོང་ལྟ་བུའི་ཚོང་ལས་གཉེར་གྱི་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་༢༠༠༥ ལོར་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་གཙོ་འགན་བཞེས་པའི་ཐོག་ནས་བོད་མིའི་ཚོང་ལས་སྡེ་ཚན་བཙུགས་ཡོད་པ་དང་། དེ་བཞིན་སུད་ཚོང་རྒྱག་མཁན་རྣམས་ཀྱིས་སུད་ཚོང་སྡེ་ཚན་ལོགས་སུ་བཙུགས་པ་བཅས་བྱུང་ཡོད་ཀྱང་། དེ་དག་གི་རྒྱབ་ལྗོངས་གཙོ་བོ་དེ་གཞོན་སྐྱེས་མི་རབས་གསར་པ་རྣམས་ལ་སྡིངས་ཆ་སྐྲུན་རྒྱུ་དང་། ད་ལྟ་ཚེ་རིང་ལྷ་མཆོག་གིས་གཉེར་བཞིན་པའི་དྲ་རྒྱའི་ཚོང་ལས་ལྟ་བུ་ཤུགས་ཆེན་པོ་མངོན་ཐུབ་ཆེད་དུ་ཡིན་སྐོར་ཡང་གསུངས་སོང་།

མཇུག་ཏུ་གསར་འགོད་པར་ཚེ་རིང་ལྷ་མཆོག་གིས་ཚོང་ལས་ཁང་གིས་ཚོང་ར་དྲ་ཚིགས་གསར་བཟོ་བྱེད་དགོས་དོན་གྱི་སྐོར་ལ་“བོད་པའི་ཚོང་རྒྱག་སྟངས་ཕལ་ཆེ་བ་དེ་སྲོལ་རྒྱུན་གྱི་ཚོང་རྒྱག་སྟངས་རེད། མུ་མཐུད་ནས་དེ་འདྲ་བྱས་ནས་སོང་ན་རྒྱལ་སྤྱིའི་ཁྲོམ་རའི་ནང་བོད་པའི་ཅ་དངོས་དང་ཐོན་རྫས་ཁྱབ་ཐུབ་རྒྱུ་ཁག་པོ་རེད། དེའི་དབང་གིས་ཨ་ལ་ལ་མོ་ཚོང་ལས་ཁང་གིས་ཚོང་ར་དྲ་ཚིགས་འདི་གསར་བཟོ་བྱས་པ་ཡིན། རྒྱུ་མཚན་གཉིས་པ་དེ་བོད་པའི་ཅ་དངོས་རྣམས་བཟོ་མཁན་ངོ་མ་དང་དེའི་ཁུངས་ངོ་མ་བོད་པ་ཡིན་ཡང་། མི་རིགས་གཞན་གྱིས་བོད་པའི་ཐོན་དངོས་དང་འདྲ་བ་རྫུན་བཟོ་བྱས་ནས་ཚོང་ལས་གཉེར་གྱི་ཡོད་སྟབས་ཁེ་བཟང་དེ་ཁོང་ཚོར་རག་སྟེ་རྗེས་སུ་ང་རང་ཚོའི་ཚོང་ཤི་འགྲོ་རྒྱུའི་ཉེན་ཁ་ཡོད་རེད། དེ་འགོག་རྒྱུ་དེ་རྒྱུ་མཚན་གཅིག་ཡིན་”ཞེས་གསུངས་སོང་བ་མ་ཟད། ཚོང་ར་དྲ་ཚིགས་བརྒྱུད་ནས་བོད་པས་བཟོས་པའི་ཐོན་དངོས་དང་། བོད་ཀྱི་ཐུན་མིན་ཐོན་རྫས་རྣམས་ཁྱབ་སྤེལ་བྱེད་རྒྱུ་ཡིན་སྐོར་དང་། བོད་ནང་གི་ཚོང་ལས་ཁང་དང་འབྲེལ་བ་བྱས་ནས་ཁོ་རང་ཚོའི་ཐོན་དངོས་རྣམས་རྒྱལ་སྤྱིའི་ཚོང་རར་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་བཏིང་ཟིན་པ། ད་ལྟའི་ཆར་ཚོང་ར་དྲ་རྒྱའི་ཐོག་མཆོད་རྫས་དང་གདན། གྱོན་གོས། སྒྲ་སྙན་སོགས་འཚོང་རྒྱུ་ཡོད་སྐོར། ཨ་ལ་ལ་མོ་ཚོང་ལས་ཁང་ནི་ད་ལྟ་ཁོང་མི་སྒེར་གྱིས་གཉེར་བཞིན་པ་ཞིག་ཡིན་ཡང་མ་འོངས་པར་རིམ་པས་རྒྱ་ཆེ་རུ་གཏོང་འཆར་ཡོད་སྐོར་བཅས་བརྗོད་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༠༣ ཀློག་གྲངས།