ས་སྐྱོང་མི་ཕམ་རིན་པོ་ཆེ་དང་འབྲེལ་བའི་གསལ་བཤད།

༄༅། ། ཉེ་ཆར་ཕྱི་ཟླ་༦ པའི་ཚེས་༢༩ ཉིན་བོད་ཀྱི་བང་ཆེན་གསར་ཤོག་ཏུ་༧ས་སྐྱོང་མི་ཕམ་རིན་པོ་ཆེའི་སྐོར་ཞིག་སྤེལ་འདུག་ལ། དེ་བཞིན་བརྒྱུད་ལམ་འདྲ་མིན་ནས་ས་སྐྱོང་རིན་པོ་ཆེ་ལ་མཚན་སྨད་སྐུར་འདེབས་མི་ཉུང་བ་བྱུང་བཞིན་འདུག་ན། འབྲེལ་ཡོད་ཁག་དང་གཟུར་གནས་མང་དག་ཅིག་བློ་འཚབ་དང་དོགས་པ། ཁོང་ཁྲོ་དང་བློ་ཕམ་སྣ་ཚོགས་ཀྱིས་ཚོར་བ་ཤུགས་ཆེན་མྱོང་བཞིན་པ་གོར་མ་ཆག སྤྱིར་གནས་ཚུལ་བཟང་ངན་ཅི་ཞིག་སྤེལ་རུང་གསར་འགོད་ཀྱིས་རང་དབང་ཡིན་ཀྱང་། མ་ཉེས་ཁ་ཡོག་གི་གནས་ཚུལ་གང་ཞིག་གསལ་ཁ་དེ་ཙམ་མེད་པ་མ་ཟད། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཚུལ་མིན་འཁྲིག་སྤྱོད་ཀྱི་ཉེས་འཛུགས་དེ་བཞིན་བླ་ཆེན་དེའི་ངོས་ལེན་གྱིས་དགོངས་སེལ་ཞུས་འདུག་པར་གོ་བར་གྱུར་ན། བསྟན་པ་སྤྱི་དང་བྱེ་བྲག་ས་སྐྱོང་བླ་བྲང་ལ་རྨ་འབྱིན་དང་ཉམས་ཉེས་ལ་མ་བཟོད་པར་དག་ཐེར་དང་གསལ་བཤད་འདི་ལྟར་བྱ་དགོས་བྱུང༌། “བང་ཆེན་ལས་ཟླ་༦ ཚེས་༢༨ ཉིན་བརྒྱུད་ལམ་ཁག་གཅིག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེར་ནང་པའི་ཉི་འོག་ལས་འཆར་ཞེས་པས་ས་སྐྱོང་མི་ཕམ་རིན་པོ་ཆེའི་ཚུལ་མིན་འཁྲིག་སྤྱོད་ཐོག་ལ་ཞིབ་འཇུག་སྙན་ཐོ་གཉིས་པ་ཞིག་བཏོན་ཡོད་འདུག་པ་དང༌། དེའི་ནང་མིང་འདོན་བྱེད་འདོད་མེད་པའི་བུད་མེད་གསུམ་གྱིས་ཤམ་བྷ་ལའི་ཆོས་ཚོགས་ཀྱི་འགོ་འཛིན་ས་སྐྱོང་མི་ཕམ་རིན་པོ་ཆེས་ཁོང་ཚོར་གནས་སྟངས་དང་དུས་ཚོད་མི་འདྲ་བའི་ནང་ཚུལ་མིན་འཁྲིག་སྤྱོད་དང་རེག་ཐུག་བྱས་པས་ཉེས་འཛུགས་བྱས་ཡོད་འདུག ཟླ་༢ ནང་དུ་ནང་པའི་ཉི་འོག་ལས་འཆར་ཞེས་པའི་ཚོགས་པ་དེས་ཤམ་བྷ་ལའི་ཆོས་ཚོགས་ནང་ཚུལ་མིན་འཁྲིག་སྤྱོད་ཀྱི་གནད་དོན་ཐད་ཞིབ་འཇུག་སྙན་ཐོ་དང་པོ་དེ་བཏོན་ཡོད་འདུག སྙན་ཐོ་དེའི་ཐོག་ལས་ཀ་བྱེད་མཁན་ཚོགས་པ་དེས་ཤམ་བྷ་ལའི་ཆོས་ཚོགས་ཀྱི་མཐོ་རིམ་ལས་བྱེད་དང་འབྲེལ་བ་བྱས་ཏེ་གྲུབ་དོན་མཁོ་སྤྲོད་བྱེད་སྐབས། ཁོང་ཚོས་ཡ་ལན་གང་ཡང་བྱས་མི་འདུག་པ་དང་། དེའི་རྗེས་ཟླ་༦ ཚེས་༢༥ ཉིན་ས་སྐྱོང་མི་ཕམ་རིན་པོ་ཆེས་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་པའི་ནང་ཕྲན་དང་ཤམ་བྷ་ལའི་ཆོས་ཚོགས་ཀྱི་ཚོགས་མི་བུད་མེད་བར་ལུས་འབྲེལ་བྱས་པའི་དུས་སྐབས་བྱུང་ཡོད་པ་དང༌། ཉེ་བའི་ཆར་བུད་མེད་དེ་དག་གི་ཁྲོད་ནས་ཁག་གཅིག་གིས་འབྲེལ་བ་དེ་དག་གིས་རྐྱེན་པས་གནོད་འཚེ་ཕོག་པའི་ཉམས་མྱོང་ཕྱིར་བསྒྲགས་བྱས་ཡོད་འདུག་པས་ངས་ཡོངས་བསྒྲགས་སུ་དགོངས་སེལ་ཞུ་ཡིས་ཡོད། ཅེས”འཁོད་ཡོད།

ཞིབ་འཇུག་སྙན་ཐོ་དང་པོ་དང་གཉིས་པ་ཟེར་བ་བུད་མེད་དེ་དག་གི་རྒྱབ་སྐྱོར་དང་ཤམ་བྷ་ལའི་ཁ་གཏད་ཚོགས་པ་ལས་གཞུང་འབྲེལ་ལམ་ཤམ་བྷ་ལ་དང་ཁ་གཏད་ཚོགས་པ་གཉིས་མོས་ཀྱིས་ཞིབ་འཇུག་ཚོགས་ཆུང་མིན་ལ། ས་སྐྱོང་མི་ཕམ་རིན་པོ་ཆེ་ནས་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དགོངས་སེལ་ཞུས་པའང་སྐྱོན་བརྗོད་ཚོགས་པའི་ཉེས་འཛུགས་ངོས་ལེན་གྱིས་དགོངས་སེལ་ཞུས་པ་ལར་ནས་མིན། སྤྱིར་མི་སུ་ཞིག་ཡིན་རུང་ཁྲུང་ས་མ་སྐྱོན་པའི་སྔོན་དུ་ཕོ་མོ་ཕན་ཚུན་འདོད་མཐུན་གྱིས་ཆགས་སྤྱོད་སོགས་ལ་རོལ་བ་ནི་ཐུན་མོང་གི་འགྲོ་སྟངས་ཤིག་ཡིན་ལ། རྒྱ་ལ་གལ་ཏེ་བུ་མོ་རང་ཉིད་འདོད་པ་མེད་བཞིན་དུ་བཙན་གཡེམ་དུ་སོང་ཡོད་ན། འགྲོ་བ་མི་དང་དུད་འགྲོ་ཡན་ཆད་ཀྱི་རང་དབང་དང་ཐོབ་ཐང་འགྲན་རྩོད་དང་ལེན་གྱིས་ནུས་པ་ཡར་དང་། དཔེར་ན། ཕ་མས་དྲིན་གྱིས་བསྐྱངས་པས་རང་གི་བུ་ཕྲུག་ལའང་དབྱུག་པ་སོགས་ཀྱིས་བརྡུང་བརྡེགས་ཆུང་ངུ་ཙམ་ལ་ཕ་མ་བཙོན་ཁང་དུ་བསྐྱལ་བ་དེ་ལྟ་བུའི་ཁྲིམས་ལྡན་གྱི་རྒྱལ་ཁབ་ནུས་ལྡན་གཡེར་གྲགས་དང་ལྡན་པ་ཡིན་བཞིན་དུ་རང་ལ་ཚུལ་མིན་འཁྲིག་སྤྱོད་སོགས་ཀྱིས་མནར་གཅོད་དང་སེམས་ལ་ཟུག་རྔུ་དེ་ལྟར་བྱུང་ན་ཡང་ཅི་མི་སྙམ་དུ་འཇོག་ཅིང་ལོ་བཅུ་ཕྲག་བརྒལ་བའི་རྗེས་སུ་གཞི་ནས་ཟུག་དེ་ཡང་ལང་པ་འདྲ་བའི་བུད་མེད་གཉིས་པོའི་རེ་འདོད་དང་རྒྱབ་ལྗོངས་གང་གིས་ལོ་བཅུ་ཕྲག་སྔོན་གྱི་ན་ཟུག་ཇི་ལྟར་ལང་པ་ཡིན་རྒྱུ་མཚན་འཚོལ་ཞིབ་དགོས་པ་ཅིས་ཀྱང་གལ་ཆེ།

སྤྱིར་འགྲོ་འདུག་ཟ་ཉལ་གང་ཡིན་ཡང་འདོད་པ་ཡོད་མེད་ཐད་ཀར་བརྗོད་པའི་སྒོ་ནས་ལས་ལ་སྤྱོད་པ་ནུབ་ཕྱོགས་པ་ཡོངས་ཀྱི་གོམ་གཤིས་ཡིན་ན། དུས་ཚོད་དང་གནས་སྟངས་མ་འདྲ་བར་བུད་མེད་གཉིས་པོས་འདོད་པ་མེད་པ་མེད་བཞིན་དུ་ས་སྐྱོང་མི་ཕམ་རིན་པོ་ཆེ་ནས་རང་གི་སློབ་མ་ལ་བཙན་གཡེམ་ག་ལ་ཕོད་དེ། མཚད་ཁོང་ཆུང་དུས་ནས་ནུབ་ཕྱོགས་ལུང་པར་ནར་སོན་པས་ཕན་ཚུན་ཆུང་ཚག་གི་ཕོག་ཐུག་ལའང་འཛེམ་བག་ཅན་གྱི་བླ་མས་དད་ལྡན་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་བརླག་པར་འགྲོ་བས་དོན་ཆེན་དེ་ལྟ་བུ་བག་མེད་དུ་ག་ལ་སྤྱོད། གལ་ཏེ་ཚུལ་མིན་འཁྲིག་སྤྱོད་ཀྱི་ན་ཟུག་དེ་བཅུ་ཕྲག་གི་ལོ་གྲངས་བརྒལ་རྗེས་གཞི་ནས་གནོད་སྐྱོན་གྱི་མྱོང་ཚོར་ཕྱིར་བསྒྲགས་ཀྱིས་གནོད་ལན་འཇལ་བ་ལ་དགོས་པ་དང་ནུས་པ་དེ་ཙམ་མི་མངོན་ཞིང་། དེ་དུས་ཀྱི་འདོད་པ་དང་ད་ལྟའི་བསམ་ཕྱོགས་ཀྱིས་རེ་དོན་ལ་གནོད་འཚེ་ཕོག་པ་ཡོད་ན་དགོངས་སེལ་ཞུས་པ་རེད། གསུམ་པ་བུད་མེད་གཅིག་གིས་ཐུག་རེག་གི་གནོད་འཚེས་ཉམས་མྱོང་དེའང་ལོ་དྲུག་སྔོན་གྱི་གནོད་འཚེའི་མྱོང་ཚོར་ཕྱིར་བསྒྲགས་བྱས་པ་ལས་ཉེ་ཆར་གསར་གཏམ་གྱི་ན་ཚ་ཞིག་གཏན་ནས་མིན།  དེ་ལྟ་ནའང་ཤམ་བྷ་ལའི་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱི་ངོས་ནས་རང་གི་ཚོགས་མི་འགའ་ལ་ཤེས་དང་མ་ཤེས་པའི་དབང་གིས་གནོད་འཚེའི་ཕོག་ཐུག་ཤོར་ཡོད་ཚེ་དགོངས་སེལ་ཞུས་པ་ལས། ཆོས་དང་འཇིག་རྟེན་གང་ནས་ཀྱང་འབྲེལ་བ་མེད་ཁར་ཆགས་སྡང་གིས་ངན་སེམས་འཆང་བའི་སྐྱོན་བརྗོད་ཚོགས་པ་ལ་ཤམ་བྷ་ལའི་མཐོ་རིམ་ལས་བྱེད་ནས་ལན་འདེབས་དགོས་པ་མ་མཆིས་ལ། སློབ་འབངས་ཆོས་ཚོགས་ཀྱི་མངའ་ཐང་དང་སྙན་གྲགས་ལྡན་པའི་བོད་ཀྱི་བླ་ཆེན་རྣམས་ལ་ཚུལ་མིན་བྱ་སྤྱོད་སྣ་ཚོགས་པར་སྙད་བཏགས་ཏེ་དམའ་འབེབས་དང་སྐྱོན་བརྗོད་རིམ་པར་བྱུང་བཞིན་པ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་བོད་རིགས་ཀྱི་ནང་པའི་དར་ཁྱབ་དང་མཛད་པ་ལ་ཡིད་མ་རངས་པའམ། ཕྲག་དོག་གིས་ངན་སྒྲོགས་སྣ་ཚོགས་སྤེལ་བཞིན་པ་གཟུར་གནས་བློ་ལྡན་རྣམས་ཀྱིས་ཤེས་ལ། ད་ལྟའི་ཤམ་བྷ་ལའི་ཁ་གཏད་ཚོགས་པ་ཡང་ས་སྐྱོང་རིན་པོ་ཆེ་དང་། མཁའ་འགྲོ་སོགས་ནང་མིའི་བདེ་འཇགས་ལ་བརྡབ་གསིག་དང་ཉམས་རྒུད་ཁ་འབྲལ་གྱིས་བསམ་ངན་འཆང་བའམ། ནུབ་ཕྱོགས་སུ་བོད་ཀྱི་ནང་པའི་དར་ཁྱབ་ལ་འགྲན་སེམས་དང་ཕྲག་དོག་གིས་ཉེས་འཛུགས་དེ་བཞིན་ཁྱབ་སྤེལ་གཏོང་བ་ཡིན་ལས་ཆེ་སྙམ། ད་ལྟའི་གནས་སྟངས། ཉེས་འཛུགས་དེ་དག་ཚགས་ཚུད་ཀྱིས་ཞིབ་འཇུག་དང་གནས་ཚུལ་ཇི་བདེན་ཕྱི་གསལ་ནང་གསལ་དུ་ཡོང་ཕྱིར་ཤམ་བྷ་ལའི་འགོ་ཁྲིད་དང་མཐོ་རིམ་ལས་བྱེད་ཡོངས་རྫོགས་རང་མོས་ཀྱི་དགོངས་ཞུས་ཀྱིས་ཚོགས་མི་དཀྱུས་མ་ལ་བབས་ཏེ་གཞུང་འབྲེལ་ཁྲིམས་མཐུན་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་གསུམ་པ་ཞིག་བསྐོང་ཏེ་ཕྱོགས་གཉིས་ཀར་དཔྱད་ཞིབ་ནན་པོའི་སྒོ་ནས་བདེན་པ་ར་འཕྲོད་ཀྱི་གནས་ཚུལ་ཇི་བཞིན་མངོན་དུ་མ་གྱུར་བར་དུ་ཕྱོགས་རེས་དང་ཟུར་ཟ་ཕྲག་དོགས་འགྲན་སེམས་སོགས་ཀྱིས་འཐེན་ཁྱེར་གྱིས་གླགས་འཚོལ་བས་སྐབས་བཟུང་སྟེ་དཀྲུག་ཤིང་དང་གཏམ་འཆལ་དེ་རིགས་ལ་མི་གནས་པའི་རེ་སྐུལ་ཞུ་རྒྱུ་དང་བཅས། རྒྱལ་བལ་བོད་གསུམ་གྱི་རི་དགོན་ཐུབ་བསྟན་སྨི་གྲོལ་གླིང་བླ་སྤྲུལ་མཁན་སློབ་འདུས་པ་ཡོངས་ནས་ས་སྐྱོང་བླ་བྲང་ལ་བློ་སེམས་གཏན་པོའི་ངང་ནས་རྒྱབ་སྐྱོར་དང་ཞིབ་འཇུག་གི་གྲུབ་དོན་ལས་བདེན་པའི་ཉི་མ་མྱུར་དུ་འཆར་བའི་རེ་སྒུག་བྱེད་བཞིན་ཡོད་པ་བཅས།།

བལ་ཡུལ་རི་དགོན་བཀྲ་ཤིས་ཆོས་གླིང་དང༌། བོད་ཀྱི་རི་དགོན་བཀྲ་ཤིས་ཆོས་གླིང༌། རྒྱ་གར་ཨོ་རི་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་བཅས་འདུས་སྤྱི་ཡོངས་ཀྱི་མགྲིན་ཚབ་བྱས་ནས་སློབ་དཔོན་མིང་འཛིན་པ་ཀུན་བཟང་མཁས་གྲུབ་ནས།

Share this:
༦༥༢ ཀློག་གྲངས།