གུང་སེང་སྐབས་སློབ་ཕྲུག་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་རྒྱུ་བཀག་སྡོམ་བྱས་འདུག

ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ་ཞེས་པའི་ནང་། སློབ་མ་རྣམས་དབྱར་ཁའི་གུང་སེང་གི་སྐབས་སུ་ཆོས་ཕྱོགས་ཀྱི་ལས་རིམ་སྣ་ཚོགས་པའི་ནང་ཞུགས་རྒྱུ་བཀག་སྡོམ་བྱས་ཡོད་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་ས་གནས་སྲིད་གཞུང་གི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ལས་བྱེད་ཅིག་གིས་“སློབ་གྲྭ་གུང་སེང་གི་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ལའང་མི་ཞུགས་རྒྱུའི་ཁ་ཆད་ལ་ཕྲུ་གུ་རྣམས་ཀྱིས་མིང་རྟགས་འགོད་དགོས་རེད་”ཅེས་བརྗོད་པ་ཞིག་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཐོག་ལུང་འདྲེན་བྱས་ཡོད་འདུག་པ་མ་ཟད། ལྷ་ས་མཐོ་འབྲིང་གསུམ་པའི་ཆབ་སྲིད་སློབ་གསོ་ཚན་པའི་འགན་འཛིན་ཆོས་འཕེལ་གྱིས་“ཕ་མ་དང་དགེ་རྒན་གྱི་ལམ་སྟོན་འོག་སློབ་ཕྲུག་རྣམས་ཀྱིས་སྒྲིག་ཁྲིམས་སྲུང་གི་ཡོད་རེད་”ཅེེས་བརྗོད་པ་ཞིག་ཀྱང་གོ་ལའི་དུས་བབ་ཐོག་ལུང་འདྲེན་བྱས་ཡོད་འདུག

དེ་བཞིན་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་དབྱར་ཁའི་གུང་སེང་དང་བསྟུན་ནས་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ་ཞེས་པའི་ནང་“གུས་པར་འོས་པའི་ཁྱིམ་བདག་ལྷན་རྒྱས། ཁྱེད་ཚོའི་བླ་ན་མེད་པའི་རྒྱབ་སྐྱོར་དང་། སློབ་གྲྭའི་དབུ་ཁྲིད་དང་རྒན་ལགས་རྣམ་པའི་ཐུགས་བརྩེའི་བྱམས་སྐྱོང་འོག བུ་ཕྲུག་ཚོའི་༢༠༡༧ ལོའི་སློབ་སྦྱོང་དང་འཚོ་བ་གང་ཅིར་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ཤག་ལགས། ད་ནི་སློབ་མཇུག་རྒྱུགས་ཚད་བཏང་ཟིན་ཞིང་། ལོ་གཅིག་དུས་གཅིག་གི་དབྱར་དུས་གུང་སེང་སླེབས་སོང་བས། ཁྱིམ་བདག་ལྷན་རྒྱས་ཀྱིས་བུ་ཕྲུག་གི་དབྱར་དུས་གུང་སེང་གི་འཚོ་བར་སྣེ་ཁྲིད་དང་ཡིད་གཟབ་གནང་དགོས་པའི་རེ་བ་གཤམ་གསལ།

གཅིག ངལ་གསོའི་རིང་བུ་ཕྲུག་གི་སློབ་སྦྱོང་དང་། འཕྲོད་བསྟེན། སེམས་ཁམས་བདེ་ཐང་ཐད་དཔེ་སྟོན་ཡག་པོ་གནང་དགོས།

གཉིས། ངལ་གསོའི་རིང་སློབ་ཕྲུག་ཆོས་ལུགས་བྱེད་སྒོ་སྣ་ཚོགས་ལ་ཞུགས་རྒྱུར་བཀག་སྡོམ་བྱ་དགོས། མ་ཟད་བུ་ཕྲུག་གི་བདེ་ཐང་སློབ་གསོ་ལ་ཤུགས་སྣོན་བརྒྱབས་ནས་མིག་འབྲས་སྙི་མོའི་མཉན་ཚད་(མིག་ནད་)དང་འགྲམ་རྗེན་མཉན་ཚད་སོགས་ནད་རིགས་མི་ཡོང་བའི་སྔོན་འགོག་བྱ་དགོས། གལ་སྲིད་རིགས་འདྲའི་ནད་རིགས་ཐོན་ཚེ་བོད་ལྗོངས་སྨན་རྩིས་ཁང་དུ་བསྐྱོད་ནས་སྨན་བཅོས་བྱ་དགོས།

གསུམ། སློབ་ཕྲུག་གིས་ཁ་པར་སོགས་གློག་རྡུལ་ཡོ་བྱད་སྣ་ཚོགས་སྤྱད་ནས་དཀྲོག་གཏམ་ཤོད་པ་ལྟ་བུའི་ཁྲིམས་འགལ་བྱ་སྤྱོད་ལ་དོ་དམ་ནན་པོ་བྱ་དགོས།

བཞི། ལྟ་རྟོག་ཁྱིམ་མིས་བུ་ཕྲུག་དྲ་ཁང་དང་ནང་མ་སྤྲོ་སྐྱིད་ཁང་སོགས་བུ་ཕྲུག་གི་འཚར་ལོངས་ལ་གནོད་པ་ཡོད་པའི་ཁོར་ཡུག་ཏུ་སྤྲང་འཁྱམས་བྱེད་པའི་བྱ་སྤྱོད་ལ་བཀག་སྡོམ་མཐའ་གཅིག་ཏུ་བྱ་དགོས། དེ་བཞིན་གུང་སེང་ཆུ་རྐྱལ་སོགས་རྩ་བ་ནས་བྱེད་མི་ཆོག

ལྔ། སློབ་གྲྭས་དབྱར་དུས་གུང་སེང་གི་དུས་ཚོད་སྤྲད་དེ་སློབ་མའི་ཉལ་ཁང་གི་ཅ་དངོས་བཟོ་བཅོས་བྱ་རྒྱུ་ཡིན་པས། ཅ་ལག་ཛ་ཛོར་དང་། ཉལ་ཆས། སློབ་སྦྱོང་གི་ཡོ་ཆས་སོགས་ཁྱིམ་ལ་བསྣམས་ཕེབས་རོགས།

དྲུག འགན་ཡིག་དེར་ཁྱིམ་བདག་གིས་ས་ཡིག་བཀོད་ཚར་རྗེས་སློབ་གྲྭར་ཉར་ཚགས་བྱ་རྒྱུ་ཡིན་པས། ལྟ་སྐྱོང་བས་ནན་ཏན་དང་ལྟ་ཀློག་དགོས་པ་མ་ཟད། གལ་སྲིད་གོང་གསལ་ལྟ་བུའི་གནས་ཚུལ་ཐོན་ཚེ་སློབ་གྲྭར་འགན་འཁྲི་རྩ་བ་ནས་མེད་པས་ཡིད་འཇགས་ཡོད་པར་འཚལ་”ཞེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༨ ཀློག་གྲངས།