ཨ་རིའི་གནམ་གྲུའི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་བཀའ་ལ་བརྩི་འཇོག་བྱས་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་གནམ་གྲུའི་ཚོང་ལས་ཁང་ཁག་གི་དྲ་རྒྱའི་ཐོག་ཏུ། ཐའེ་ཝན་དང་ཧོང་ཀོང་གཉིས་ཀྱི་མིང་འབྲི་སྟངས་འགྱུར་བ་གཏོང་དགོས་པའི་དགོས་འདུན་བཏོན་ནས། དུས་བཀག་ནང་ཚུད་དེ་ལྟར་མ་བྱས་ཚེ་ཉེས་ཆད་གཏོང་རྒྱུའི་སྡིགས་ར་བསྐུལ་ཡོད་པས། ཨ་རིའི་གནམ་གྲུའི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་བཀའ་ལ་བརྩི་འཇོག་བྱས་ཡོད་འདུག

ཟླ་༧ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་རྒྱ་ནག་གི་མཁའ་ལམ་འགྲུལ་བཞུད་ལས་དོན་ཁང་གིས། ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུའི་ཚོང་ལས་ཁང་༤༤ ལ་ཡི་གེ་བཏང་ནས། དེ་དག་གི་དྲ་རྒྱའི་ཐོག་ཏུ་ཐའེ་ཝན་གྱི་མིང་འབྲི་སྟངས་འགྱུར་བ་གཏོང་དགོས་པའི་དགོས་འདུན་དེ་ཟླ་༥ པའི་ཚེས་༢༥ ཡི་དུས་བཀག་ནང་ཚུད་ཚར་དགོས་སྐོར་བརྗོད་འདུག་པ་དང་། སྐབས་དེར་གནམ་གྲུའི་ཚོང་ལས་ཁང་༡༨ ཀྱིས་འགྱུར་བ་བཏང་ཡོད་པ་དང་། ལྷག་མ་རྣམས་ཀྱིས་དུས་འགྱངས་ཡོང་བའི་འབོད་སྐུལ་བྱས་རྗེས། ཟླ་༧ པའི་ཚེས་༢༥ བར་དུས་བཀག་སྤྲད་ཡོད་འདུག

དུས་བཀག་གི་ཚེས་གྲངས་སླེབས་པ་དང་བསྟུན་ནས། ཨ་རིའི་གནམ་གྲུའི་ཚོང་ལས་ཁང་ཁག་གི་དྲ་རྒྱའི་ཐོག་ཏུ། དེ་སྔོན་གནམ་གྲུའི་འཕུར་ཡུལ་གྱི་ཐོ་གྲངས་ནང་། ཐེ་པེ། ཐའེ་ཝན་ཞེས་བྲིས་ཡོད་འདུག་ཀྱང་། ད་ལྟའི་ཆར་ཐེ་པེ་ཞེས་བྲིས་ཡོད་པ་ལས། ཐའེ་ཝན་ཞེས་པ་ནག་གསུབ་བཏང་ཡོད་འདུག

དེ་སྔོན་རྒྱ་ནག་གི་བཀའ་རྒྱ་དེ་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ནས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཀྱང་། གནམ་གྲུའི་ཚོང་ལས་ཁང་མང་པོ་ཞིག་གིས། རྒྱ་ནག་གི་བཀའ་ལ་བརྩི་འཇོག་བྱེད་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་ནི་ད་ལྟའི་ཆར་རྒྱལ་སྤྱིའི་ནང་མཁའ་ལམ་འགྲུལ་བཞུད་ཀྱི་ཁྲོམ་ར་ཆེ་ཤོས་གྲས་ཡིན་པ་དང་། རྒྱལ་སྤྱིའི་མཁའ་ལམ་འགྲུལ་བཞུད་ལྷན་ཚོགས་ཀྱིས། ཕྱི་ལོ་༢༠༢༠ ལོའི་སྔོན་དུ་འཛམ་གླིང་ནང་མཁའ་ལམ་འགྲུལ་བཞུད་ཀྱི་ཁྲོམ་ར་ཆེ་ཤོས་སུ་ཆགས་རྒྱུ་ཚོད་དཔག་བྱས་འདུག

རྒྱ་ནག་གིས་དུས་བཀཀ་ནང་ཚུད་དུ་གནམ་གྲུའི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་བཀའ་མ་སྒྲུབ་ཚེ། ཉེས་ཆད་གང་འདྲ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་མེད་ཀྱང་། ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་དགོས་འདུན་སྒྲུབ་བཞིན་ཡོད་པ་རེད་འདུག

ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས། རྒྱ་ནག་གིས་ཚོང་ལས་ཁང་ཁག་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་སྐབས། རྒྱ་ནག་གིས་དང་ལེན་མ་བྱས་པར། དེ་ནི་རྒྱ་ནག་ནང་ཚོང་ལས་གཉེར་ཚེ་རྒྱ་ནག་གི་ཁྲིམས་སྲུང་དགོས་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་དགོས་པ་བཅས་ནི་རྨང་གཞིའི་ཁྲིམས་ཡིན་སྐོར་བརྗོད་ཡོད་འདུག

དེ་སྔོན་རྒྱལ་སྤྱིའི་མགྲོན་ཁང་ཚོང་ལས་ཁང་ཞིག་གིས་བོད་དང་ཧོང་ཀོང་། ཐའེ་ཝན་སོགས་དྲ་རྒྱའི་ཐོག་ཏུ་རྒྱ་ནག་གི་མངའ་ཁོངས་ཡིན་པ་གསལ་སྟོན་མ་བྱས་སྟབས། མགྲོན་ཁང་དེའི་དྲ་རྒྱ་དང་ཡོ་ཆས་སོགས་རྒྱ་ནག་ནང་བཀག་འགོག་བྱས་པ་མ་ཟད། རྒྱ་ནག་མི་མང་གིས་ཀྱང་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། དེ་བཞིན་དེ་སྔོན་ལྷོ་ཀོ་རི་ཡས་རྒྱ་ནག་གི་དགོས་འདུན་ལ་མ་བརྩིས་པར། ལུང་པའི་ནང་ཨ་རིའི་མེ་ཤུགས་འཕུར་མདའ་བཀག་འགོག་བྱེད་ཆེད་ཀྱི་མ་ལག་འགྲེམས་འཇོག་བྱས་རྐྱེན། རྒྱ་ནག་ནས་ལྷོ་ཀོ་རི་ཡར་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་རུ་ཁག་རྣམས་བཀག་སྡོམ་བྱས་ཏེ། ཟླ་བ་ཁ་ཤས་ནང་ལྷོ་ཀོ་རི་ཡར་རྒྱ་ནག་ནས་འགྲོ་མཁན་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་༥༠ ཉུང་དུ་ཕྱིན་ནས། མགྲོན་ཁང་དང་འགྲིམ་འགྲུལ་གྱི་ཚོང་ལས་ཁང་གཞན་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པ་རེད་འདུག

རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་བེད་སྤྱད་ནས། རྒྱལ་སྤྱིའི་ནང་གི་ཤེས་ཡོན་བསྟི་གནས་ཁང་དང་ཚོང་ལས་ཁང་། སྲིད་དོན་ཁོར་ཡུག་སོགས་ལ། རྒྱ་ནག་གཅིག་གི་སྲིད་ཇུས་བརྩི་འཇོག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༧༢ ཀློག་གྲངས།