སི་རི་ཡའི་ནང་མི་༢༠༠ ལས་མང་བའི་ཚེ་སྲོག་ཤོར་འདུག

དམག་འཁྲུག་འོག་ཚུད་ནས་ལོ་༧ འགྲོ་བཞིན་ཡོད་པའི་སི་རི་ཡའི་ནང་། འབར་གས་ཀྱི་གནད་དོན་གཅིག་རྗེས་གཉིས་མཐུད་བྱུང་ནས། མི་སེར་དཀྱུས་མ་ཚུད་པའི་མི་གྲངས་༢༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག

ཟླ་༧ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སི་རི་ཡ་གཞུང་གི་དབང་སྒྱུར་འོག་ཡོད་པའི་གྲོང་ཁྱེར་སཱུ་ཝེ་ཌའི་ཉེ་འཁོར་གྱི་ས་གནས་ཁག་ཅིག་ཏུ། རང་མེད་གཞན་མེད་ཀྱི་འབར་གས་མཁན་ཁག་ཅིག་གིས། འབར་རྫས་གཅིག་རྗེས་གཉིས་མཐུད་སྤར་ནས། ཉུང་མཐར་མི་༢༢༡ བསད་ཡོད་འདུག་པ་དང་། དེའི་ནང་༡༢༧ མི་མང་དཀྱུས་མ་ཡིན་འདུག

ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིས་དྲག་རྒོལ་དེ་དག་གི་འགན་ལེན་བྱས་འདུག་པ་དང་། ད་ལྟའི་ཆར་ཚོགས་པ་དེའི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་བརྒྱ་ཆ་༩༨ ལྷག་ཤོར་ཟིན་ཡོད་ཀྱང་། ཐེངས་འདིའི་དྲག་རྒོལ་ནི་ཕྱི་ལོ་༢༠༡༡ ལོ་ནས་ད་བར་སི་རི་ཡའི་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་སཱུ་ཝེ་ཌའི་ནང་གི་དྲག་རྒོལ་ཚབས་ཆེ་ཤོས་དེ་ཡིན་འདུག ཚོགས་པ་དེས་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ས་གནས་ཆུང་ཆུང་ཁ་ཤས་སུ་དབང་ཤུགས་ཡོད་འདུག་པས། སི་རི་ཡ་གཞུང་གི་དམག་མི་དང་ཨུ་རུ་སུའི་དམག་མི་གཉིས་ཀྱིས་ས་གནས་དེ་དག་ལ་དམག་རྒྱག་བཞིན་ཡོད་འདུག ད་ལྟའི་ཆར་སི་རི་ཡའི་གཞུང་དམག་དང་ཨུ་རུ་སུའི་དམག་མི་གཉིས་ཀྱིས་ཨེ་སི་སི་འཇིགས་སྐུལ་རིང་ལུགས་པ་དང་། གྱེན་ལོག་པ་གཉིས་ཀྱི་དམག་མིར་དམག་བརྒྱབ་ནས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱིས་བརྗོད་དོན་ལྟར་ན། དམག་འཁྲུག་ལངས་ནས་བཟུང་ད་བར་ཉུང་མཐར་མི་སེར་འབུམ་གཉིས་དང་ཁྲི་བདུན་ཙམ་རང་གནས་ནས་བྲོས་བྱོལ་དུ་ཕྱིན་ཡོད་འདུག སི་རི་ཡའི་མི་མང་ཕོན་ཆེན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་སླེབས་ནས། རྒྱལ་ཁབ་དེ་དག་ནང་སྐྱབས་བཅོལ་བའི་དཀའ་ངལ་འཕྲད་ནས། ཆབ་སྲིད་ཀྱི་སྲིད་ཇུས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་རེད།

སི་རི་ཡའི་དམག་འཁྲུག་དེ་ནི་དུས་རབས་ཉེར་གཅིག་གི་རྙོག་འཛིང་ཆེ་ཤོས་གྲས་ཀྱི་དམག་འཁྲུག་ཅིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་པའི་ཨུ་རུ་སུ་སོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས། ཕྱོགས་ཤིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པའི་སི་རི་ཡའི་གྲོས་ཆོད་ལ། ཨུ་རུ་སུས་ཉུང་མཐར་དགག་བྱ་བྱས་པ་ཐེངས་བརྒྱད་བྱུང་ཡོད་པ་དང་། རྒྱ་ནག་གིས་ད་བར་ཉུང་མཐར་དགག་བྱ་ཐེངས་དྲུག་བྱས་ཡོད་པས། བདེ་འཇགས་ལྷན་ཚོགས་ནང་གི་མི་མཐུན་པའི་ལངས་ཕྱོགས་དེས། མཉམ་འབྲེལ་རྒྱལ་ཁབ་ཀྱིས་སི་རི་ཡའི་རྩོད་རྙོག་དེ་མེད་པར་བཟོ་བར་འགག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༣༠ ཀློག་གྲངས།