བོད་ཀྱི་སྐད་ཡིག་གི་འཆི་གསོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༠༩   ཕྱི་ལོ་ ༢༠༡༨/༧ /༢༥   

བོད་ཀྱི་སྐད་ཡིག་གི་འཆི་གསོན་གླེང་སྐབས་དེང་སྐབས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་ཀྱི་ས་ཁུལ་ཙམ་དུ་མ་ཟད། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་སུའང་འདི་དང་འབྲེལ་ནས་བསམ་བློ་གཏོང་དགོས་པ་མང་པོ་ཡོད། བོད་ཀྱི་སྐད་ཡིག་དེ་བོད་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ཁག་མི་ཉམས་རྒྱུད་འཛིན་ཁོ་ནའི་ཆེད་དུ་ཡིན་མིན་དང་། རྒྱལ་ཁབ་ཅིག་དང་མི་རིགས་ཀྱི་འཆི་གསོན་དང་འབྲེལ་ཡོད་པ་ཞིག་ཡིན་མིན་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། དེང་སྐབས་བོད་པའི་སྤྱི་ཚོགས་ནང་སྐད་ཆ་སྦོམ་པོ་མང་པོ་ཡོད་པ་བཞིན། ཆོས་དང་རིག་གནས་ཁོ་ནའི་ཆེད་དུ་ཡིན་ན་དེ་ཙམ་གྱིས་སེམས་ཁྲལ་དགོས་པ་ཞིག་མིན་ལ། བོད་ཀྱི་སྐད་ཡིག་ནང་ཡོད་པའི་ཆོས་དང་རིག་གནས་མང་པོ་ཞིག་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་ནང་དུ་བསྒྱུར་དང་སྒྱུར་བཞིན་ཡོད་སྟབས། བོད་པ་གཅིག་པུའི་སེམས་ཁྲལ་དང་འགན་ཁུར་ལྷག་མ་ཞིག་ཏུ་བརྩི་དགོས་དོན་མེད་པར། བོད་ཀྱི་ཆོས་དང་རིག་གནས་བཀོལ་སྤྱོད་བྱེད་མཁན་མང་བའི་སྐད་ཡིག་ནང་སྒྱུར་ཐུབ་སོང་ན་འགྲིག་པ་ཞིག་རེད།

བོད་ཀྱི་སྐད་ཡིག་དེ་འཛམ་གླིང་སྤྱི་ཡོངས་ཀྱི་ཕན་བདེ་སྒྲུབ་པའི་ཆ་རྐྱེན་ཙམ་མ་ཡིན་པར། མི་རིགས་ཤིག་རྩ་མེད་དུ་མི་འགྲོ་བར་རྒྱུན་གནས་ཐུབ་ཆེད་སྐད་ཡིག་སྲུང་སྐྱོབ་བྱེད་པར་འབད་བརྩོན་དང་འཆར་གཞི་སྒྲིག་པ་ནི། ཕུགས་རྒྱང་རིང་པོའི་ཐོག་ནས་དམིགས་བསལ་གལ་ཆེན་པོར་གྱུར་ཡོད། དེར་བརྟེན་སྐད་ཡིག་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་ལའང་མི་རིགས་དང་། མི་སྒེར་ངོས་ཀྱི་ཆ་ནས་བཤད་ན་མཐར་ཐུག་དང་གནས་སྐབས་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་ཡོད། བོད་བརྒྱུད་ནང་པ་སངས་རྒྱས་པའི་གཞུང་ལུགས་ཁག་མི་ཉམས་རྒྱུད་འཛིན་ཁོ་ནའི་ཆེད་དུ་ཡིན་ན། བོད་ཀྱི་སྐད་ཡིག་རྒྱུད་འཛིན་བྱེད་པ་ལས་བོད་བརྒྱུད་ནང་པ་སངས་རྒྱས་པའི་གཞུང་ལུགས་ཁག་ཤུགས་རྐྱེན་དང་ཁྱབ་རྒྱ་ཆེ་བའི་སྐད་ཡིག་ཆེ་ཁག་གི་ནང་དུ་སྒྱུར་ཐབས་བྱས་ན་ནུས་པ་དང་གོ་སྐབས་ཧ་ཅང་ཆེ། བོད་ཀྱི་སྐད་ཡིག་ནང་པ་སངས་རྒྱས་པའི་ཆོས་ཁོ་ནའི་ཆེད་དུ་གསོན་དགོས་ཚུལ་བརྗོད་ནའང་། དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་དང་བསྡུར་ན་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཧ་ཅང་ཉུང་བས་རྒྱུན་གནས་ཐུབ་པའི་གོ་སྐབས་དང་ནུས་པ་ཧ་ཅང་ཞན།

བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་དམིགས་ཡུལ་ནི། བོད་མི་རིགས་གསོན་པོར་གནས་ཐུབ་པའི་ཆེད་དུ་ཡིན་པར་ངོས་འཛིན་གསལ་པོ་ཞིག་བྱས་ན། དོན་དངོས་དང་མཐུན་ཞིང་། རྒྱ་རིགས་དང་བོད་རིགས་ཀྱི་བར་དུ་གཟུགས་དབྱིབས་ཀྱི་ཆ་ནས་མི་འདྲ་བ་ཆེན་པོ་མེད་པར་གཟུགས་ཐུང་དང་མིག་ཆུང་ཡིན་པ་གཅིག་མཚུངས་རེད། བོད་པ་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་པ་འདིའི་ཐོག་ནས་ཀྱང་རྒྱ་མི་རིགས་དང་ཁྱད་པར་འབྱེད་མི་ཐུབ་པར། རྒྱ་རིགས་ནི་འཛམ་གླིང་འདིའི་ནང་ནས་ནང་པའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་མང་ཤོས་ཀྱི་མི་རིགས་དང་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཁྱད་པར་འབྱེད་ཆོས་གཙོ་བོ་དེ་བོད་ཀྱི་སྐད་ཡིག་ཁོ་ན་ལ་ཐུག་ཡོད་ཅིང་། མ་འོངས་པར་བོད་ཀྱི་སྐད་ཡིག་རྩ་མེད་དུ་གྱུར་སོང་བའི་དབང་དུ་བཏང་ན། དེའི་རྗེས་སུ་བོད་ཀྱི་ཁོར་ཡུག་ནི་རྒྱ་གཞུང་གིས་རྒྱ་ཡུལ་དང་གཅིག་མཚུངས་ལྟ་བུར་བསྒྱུར་ཟིན་པས། ཁྱད་པར་འབྱེད་ཆོས་གང་ཡང་མེད་པར་གྱུར་ནས་མན་ཇུའི་མི་རིགས་བཞིན་བོད་རིགས་ཀྱང་རྒྱ་མི་རིགས་ཀྱི་ངོ་བོར་ཐིམ་རྒྱུ་ཁོ་ན་ལས་མེད།

མཁའ་ཁྱབ་ཀྱི་སེམས་ཅན་གཙོ་བོར་འཛིན་པ་དང་། ལུས་ངག་གི་བྱ་སྤྱོད་ཐམས་ཅད་དེའི་དོན་དུ་གཏོང་ཐུབ་པ་ནི་རླབས་ཆེ་ཞིང་གཟི་བརྗིད་ཆེན་པོ་ཡིན་པ་སྨྲོས་མ་དགོས་ཀྱང་། བཀའ་མོལ་སྙན་པོ་དེ་དག་ཁ་ནས་བརྗོད་པ་ཙམ་ལས་དོན་དངོས་ལག་བསྟར་བྱེད་ཐུབ་མཁན་ནི་ཧ་ལམ་མཐོང་དཀོན་པའི་ཚོད་དུ་ཡོད་པས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱ་རྒྱུ་དེ་ཡང་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་དོན་དུ་རེད་ཅེས་བརྗོད་ན་བོད་པ་མི་རེ་ངོ་རེ་ནས་ཚོར་སྣང་གསོན་པོ་ཞིག་སྤྲོད་མི་ཐུབ་པའང་ཧ་ཅང་གསལ་པོ་རེད། བོད་མི་རིགས་ཀྱི་ཆེད་དང་། དེ་བས་ཀྱང་རང་གི་བུ་རབས་ཚ་བརྒྱུད་དང་རང་ཉིད་ཀྱི་ཆེད་དུ་འབད་བརྩོན་བྱེད་ཐུབ་མཁན་གྱི་མི་བུ་མང་དག་ཅིག་ཡོད་པས། བཀའ་མོལ་མང་པོ་ཞིག་ཉན་ན་སྙན་པ་ཙམ་ལས་དོན་དངོས་དང་མཐུན་ན་ནུས་པ་དང་ཤུགས་རྐྱེན་ཆེ་ངེས་རེད། ད་དུང་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་ཐུབ་ན་བོད་མི་རིགས་ཉམས་ཀྱང་ཁྱད་པར་མེད་ཟེར་བ་དེ་ཚོར་ཡང་། དུས་རབས་ཉེར་གཅིག་པར་ཕྱིའི་དངོས་པོ་ཁོ་ན་རྩོལ་སྒྲུབ་བྱེད་པའི་དུས་ཚོད་འདིར་ཚོར་བ་དང་ནུས་པ་ཤུགས་རྐྱེན་བཅས་གཏན་ནས་མེད།

མདོར་ན་མི་ཡི་བྱ་བ་ཐམས་ཅད་མི་ཡིས་བསྒྲུབ་དགོས་པ་ལས། གཟུགས་མེད་ལྷ་འདྲེ་ལ་བརྟེན་མི་དགོས་པ་དང་། མ་འོངས་པར་མི་སྡེའི་སྤྱི་ཚོགས་ཀྱི་བྱ་བ་མཐའ་དག་མི་ཡི་དགོས་མཁོ་ཁོ་ན་དང་བསྟུན་དགོས་པ་ལས། དམ་པའི་ལྷ་ཆོས་ཀྱི་དགོངས་དོན་དང་འགལ་མི་རུང་བའི་ལྟ་ཚུལ་ཁོ་ན་རྩལ་འདོན་བྱེད་དྲགས་སོང་ན། འཇིག་རྟེན་མི་ཆོས་ཀྱང་མི་འགྲུབ། དམ་པའི་ལྷ་ཆོས་ཀྱང་མི་འགྲུབ་པའི་སྤྱི་ཚོགས་ར་མ་ལུག་ཅིག་ཏུ་འགྱུར་ངེས་རེད། གནས་སྟངས་དེའི་ཐོག་ནས་བོད་པའི་འཐབ་རྩོད་དེ་ཡང་། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པ་ལས། ལྷ་ཆོས་ཁོ་ནའི་ཆེད་མིན་པ་དེ་བོད་པ་ཚང་མའི་སེམས་ངོར་འཇགས་དགོས། བོད་པ་ཡིན་པ་ཙམ་གྱིས་ཆོས་པ་ཡིན་པའི་ངེས་པ་མེད་པ་མ་ཟད། ནང་པ་ཡིན་པའི་ངེས་པ་དེ་བས་ཀྱང་མེད། ༧གོང་ས་མཆོག་གིས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའང་འདི་ཡིན་པ་དང་། མི་རིགས་ཀྱི་ལས་དོན་འགྲུབ་སོང་ན་མི་རིགས་དེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུར་སྤྱིའི་ཆ་ནས་འགལ་རྐྱེན་གང་ཡང་མེད་ཀྱང་། མི་རིགས་དང་རིག་གནས་ལ་གཙོ་ཕལ་གྱི་དབྱེ་བ་ཆེན་པོ་ཡོད་པ་ཤེས་དགོས།།

Share this:
༡༥༡ ཀློག་གྲངས།