ཨ་རུ་ན་ཅལ་ནང་གི་བོད་མིར་ངོ་རྒོལ་ལ་མོན་པ་ཚང་མ་བློ་ཕམ་ཡོད་སྐོར་གསུངས་སོང་།

ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་ཀྱིས། མོན་པའི་སློབ་མ་༡༠ ཙམ་ཁྲིད་ནས་བོད་ཀྱི་ཟློས་གར་ཁང་དུ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་སྦྱོང་དུ་བཞག་ཡོད་པ་དང་། ཟླ་འདིའི་ཚེས་༣༠ ཉིན་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་སོང་།

བློན་ཆེན་འཇམ་དཔལ་དབང་འདུས་ཀྱིས་བོད་ཀྱི་ཟློས་གར་ཁང་དུ་མོན་པ་སློབ་མ་སྐྱེལ་དགོས་དོན་དང་འབྲེལ་ནས་གསུངས་སྐབས། “ཧི་མ་ལ་ཡི་རི་རྒྱུད་ནས་མོན་རྟ་དབང་དང་ལ་དྭགས་དེ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་པོ་ཆགས་ཡོད་པ་ཚང་མས་ཤེས་གསལ་རེད་”ཅེས་དང་། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་། སྲིད་སྐྱོང་གིས་རོགས་སྐྱོར་འོག མོན་པར་སློབ་གཉེར་གྱི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ་ཞུས་སོང་།

ཁོང་གིས་ཉེ་ཆར་ཨ་རུ་ན་ཅལ་ནང་དུ་ས་ཁུལ་དེར་གནས་སྡོད་བོད་མིར་ངོ་རྒོལ་ལས་འགུལ་ཞིག་བྱུང་བ་དེའི་ནང་མོན་པ་ཞུགས་ཀྱི་མེད་སྐོར་དང་འབྲེལ་ནས་གསུང་དོན། “ཉེ་ཆར་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བ་རེད་ལ། ང་ཚོ་མོན་པ་ཚང་མ་བློ་ཕམ་གྱི་གནས་ཚུལ་རེད། སྤྱིར་བཏང་མང་ཆེ་བས་མཁྱེན་གྱི་ཡོད་རེད།  ཨ་རུ་ན་ཅལ་དུ་མི་རིགས་མང་པོ་རེད། ང་ཚོ་ནང་པ་དེའི་ནང་བརྒྱ་ཆ་བཅུ་ལས་ཡོད་པ་མ་རེད། མོན་པ་བོད་པའི་སྤྱི་ཚོགས་ནང་སེ་འབྲས་དགའ་གསུམ་དང་། བོད་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་ཁྱིམ་སོགས་སློབ་གྲྭ་ཁག་གི་ནང་སློབ་མ་ཁག་ཅིག་ཡོད་རེད། ཁོང་ཚོར་བློ་ཕམ་བྱུང་འདུག་ལ། ཁོང་ཚོས་བརྒྱུད་ལམ་ནས་གསལ་བཤད་བྱེད་དགོས་པ་གལ་ཆེན་པོ་འདུག་ཟེར་གྱི་འདུག བོད་པ་མཐོ་རིམ་མི་དང་སློབ་སྦྱོང་བྱེད་མཁན་ཚོས་ཤེས་ཀྱི་རེད་དེ། མི་མང་ནང་མང་པོ་ཞིག་གིས་ཨ་རུ་ན་ཅལ་ཟེར་དུས་མོན་པ་གཅིག་པུའི་ཐོག་གོ་ཡི་ཡོད་ས་རེད། ཨ་རུ་ཅལ་ནང་མི་གྲངས་འབུམ་བཅུ་བཞི་ཡོད་རེད། ང་ཚོ་མོན་པ་དེའི་ནང་གྲངས་ཉུང་མི་རིགས་རེད། ད་ལྟ་སློབ་མའི་ཚོགས་པ་དེས་ངོ་རྒོལ་བྱས་པ་དེར་ང་ཚོ་བློ་ཕམ་བྱུང་ལ། མ་འོངས་པ་དེ་འདྲ་མ་ཡོང་ཆེད་དུ་ཕྱི་ཟླ་༨ ཚེས་༡༢ ཉིན་ང་ཚོ་ཚོགས་འདུ་ཞིག་འཚོགས་འཆར་ཡོད་རེད། སྤྱིར་བཏང་མོན་དང་བོད་བར་མི་རབས་ནས་མི་རབས་ཀྱི་འབྲེལ་བ་ཞིག་ཡོད་རེད་ལ། ༧རྒྱལ་བ་རིན་པོ་ཆེ་ང་ཚོའི་བླ་མ་རེད། ཆོས་དང་རིག་གཞུང་ཐོག་ནས་༧རྒྱལ་དབང་སྐུ་ཕྲེང་ཙམ་མ་ཟད། དུས་རབས་བདུན་པ་ནས་འབྲེལ་བ་ཡོད་རེད། ངའི་པ་ལགས་ཡིན་ན་བོད་ལ་འགྲོ་མྱོང་རེད་ལ། རྗེས་སུ་ཨ་རུ་ན་ཅལ་ནང་བློན་ཆེན་སོགས་ཀྱི་འགན་ཁུར་ནས་ཆབ་སྲིད་ལས་ཀ་བྱས་རེད། རྒན་པ་ཚོས་ཧ་གོ་ཡི་ཡོད་རེད་དེ། ལོ་ཆུང་བ་ཚོའི་ནང་ཧ་མ་གོ་ནས་ཚོགས་པ་དེ་འདྲའི་ནང་འགྲོ་སྲིད་པ་རེད། དེ་ཚོ་མ་ཡོང་ཆེད་དུ་ང་ཚོས་འབད་བརྩོན་བྱེད་རྒྱུ་ཡིན། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཡིན་ན་༧གོང་ས་མཆོག་ལ་དད་པ་དང་བོད་ལ་བརྩེ་དུང་ཡོད་མཁན་རེད། གློ་པ་ཚོའི་ནང་དུ་ཡང་སློབ་སྦྱོང་ཡག་པོ་དང་ཡ་རབས་སྤྱོད་བཟང་ཡོད་མཁན་ཡོད་རེད་ལ། སྤྱིར་བཏང་ང་ཚོ་མཐུན་པོ་རེད། ཡིན་ཡང་སློབ་སྦྱོང་མེད་མཁན་དང་ཆོས་མེད་པས་ལས་ཀ་དེ་འདྲ་ཡོང་གི་ཡོད་རེད་བསམ་གྱི་འདུག་ལ། མཚམས་རེར་ཆབ་སྲིད་ཀྱི་ཐོག་ལ་འགྲོ་ཡོད་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།

བློན་ཆེན་འཇམ་དཔལ་དབས་འདུས་ཀྱིས་ཕྱི་ཟླ་༨ པའི་ནང་འཚོག་འཆར་ཡོད་པའི་ཐོག་དོན་ཚན་གཙོ་བོ་གསུམ་ཡོད་སྐོར་འགྲེལ་བརྗོད་གནང་དོན། ལོ་གཞོན་པ་ཚོས་དེང་དུས་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་ནའང་། སོ་སོའི་ལུང་པའི་སྐོར་དེ་ཤེས་ཀྱི་མེད་པས། མི་རབས་རྒན་པ་ཁག་གིས་བོད་དང་མོན་པའི་བར་གྱི་དམིགས་བསལ་འབྲེལ་བ་ངོ་སྤྲོད་བྱས་ཏེ། ན་གཞོན་ཚོར་ལོ་རྒྱུས་བརྒྱུད་སྤྲོད་བྱེད་རྒྱུ། ཨ་རུ་ན་ཅལ་ནང་སློབ་གྲྭ་སྡེ་ཚན་མང་པོ་ཡོད་པའི་ནང་ནས་སློབ་མའི་ཚོགས་པ་ཚང་མ་ངོ་རྒོལ་ནང་མཉམ་ཞུགས་བྱས་མེད་པ། ངོ་རྒོལ་ནང་མཉམ་ཞུགས་མ་བྱས་མཁན་ཚོ་དང་མཉམ་ཞུགས་བྱེད་མཁན་ཚོའི་བར་འབྲེལ་བ་བྱེད་ཐབས། ཨ་རུ་ན་ཅལ་གྱི་མི་རིགས་ཚང་མ་མཐུན་སྒྲིལ་ཡོང་ཐབས་བཅས་ཀྱི་ཐོག་གྲོས་བསྡུར་བྱེད་རྒྱུ་ཡིན་སྐོར་དང་། མོན་པ་ཚོས་བོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ངོ་རྒོལ་ལས་འགུལ་བ་ཚོས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེར་མོས་མཐུན་བྱེད་ཀྱི་མེད་པར། བོད་པ་ཚོར་ས་གནས་ཀྱི་ཚོང་ལས་སོགས་ལས་རིགས་འདྲ་མིན་ཁེ་བཟང་ཆེ་བ་རག་ནས་ཡུལ་མི་འཚོ་བའི་ཁེ་ཕན་ལ་དོ་ཕོགས་འགྲོ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པས། དེའི་སྐོར་ཡང་འགྲེལ་བཤད་ཡག་པོ་དགོས་སྐོར་གསུངས་སོང་།

དེ་བཞིན་སྐབས་དེར་ནང་སྲིད་དྲུང་འཕར་ཚེ་དབང་སྒྲོལ་མས། ཨ་རུ་ན་ཅལ་གྱི་བོད་མི་གཞིས་ཆགས་ཚོར་ངོ་རྒོལ་དེ་ལ་བརྟེན་ནས་དཀའ་ངལ་བྱུང་མེད་སྐོར་དང་། ནང་སྲིད་དྲུང་ཆེ་ས་གནས་སུ་ཆེད་ཕེབས་བྱས་ཡོད་པ་དང་། ད་ལྟ་ལྷིང་འཇགས་ཡིན་པ་ལས་དྲ་རྒྱ་ཁག་ནང་ཐོན་པ་བཞིན་ཛ་དྲག་མེད་སྐོར་འགྲེལ་བརྗོད་གནང་སོང་།

ཕྱི་ཟླ་༧ པའི་ནང་ངོ་རྒོལ་བྱུང་སྐབས། ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་ཆིག་སྒྲིལ་ལས་འགུལ་ཚོགས་པ་ (The Students’ United Movement of All Arunachal) (SUMAA) ཞེས་པས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལམ་སེང་ཕྱིར་བསྡུ། བོད་མི་རྣམས་ལ་ཁྲིམས་འགལ་གྱི་ཐོག་ནས་དམིགས་བསལ་ཁེ་དབང་ཡོད་པའི་ཚོགས་སྡེའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་བསྡུ། བཙན་བྱོལ་བོད་མི་རྣམས་ལ་ཚོང་རྒྱག་ཆོག་པའི་ལག་ཁྱེར་ཐོབ་པ་རྣམས་ཕྱིར་སྤྲོད་དགོས་པ། བོད་མིའི་སྒྲིག་འཛུགས་ནས་ཨ་རུ་ན་ཅལ་བོད་མི་རྣམས་རྒྱ་གར་མི་སེར་ལག་ཁྱེར་དང་དམིགས་བསལ་ཁེ་དབང་གི་ཚོགས་སྡེའི་ལག་ཁྱེར་མི་ལེན་པའི་ཁས་ལེན་གྱི་ཡི་གེ བཙན་བྱོལ་བོད་མི་རྣམས་བཅད་མཚམས་ལྡན་པའི་གཞིས་ཆགས་སུ་ཕྱིར་འབུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ། སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་དབུས་གཞུང་དང་། ཨ་རུ་ན་ཅལ་མངའ་སྡེའི་གཞུང་། དེ་བཞིན་སྤྱི་ཁྱབ་བློན་ཆེན་པདྨ་་མཁའ་འགྲོ་དང་། ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་གཙོས་མོན་པ་སྤུན་ཟླ་ཡོངས་ཀྱིས་བོད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེས་ཡུལ་མིའི་འཚོ་བ་ལ་དོ་ཕོགས་འགྲོ་རྒྱུ་མིན་སྐོར་དང་། མངའ་སྡེ་དེའི་ནང་བོད་མིའི་གྲངས་ཀྱིས་ཡུལ་མིའི་བརྒྱ་ཆ་གཅིག་ཀྱང་ཟིན་གྱི་མེད་སྐོར་འགྲེལ་བརྗོད་གནང་སོང་ལ། དེ་བཞིན་བོད་མི་ཚོས་མི་རིགས་མཐུན་སྒྲིལ་དང་། ཡུལ་ཁྲིམས་ཁུར་བ། ཞི་འཇམ་ཚུལ་མཐུན་གྱི་འཚོ་བ་སྐྱེལ་དགོས་སྐོར་ཡང་གསུངས་སོང་།

ཨ་རུ་ན་ཅལ་ནང་དུ་བོད་མི་ལྔ་སྟོང་ཙམ་ཡོད་པ་དང་། གཙོ་བོ་གྲོང་ཁྱེར་ནང་སྡོད་མཁན་གྱི་ཚོང་ལས་གཉེར་ཚོར་ངོ་རྒོལ་བྱུང་ཡོད་སྐོར། ཕྱོགས་གཅིག་ནས་རྒྱ་གར་གྱི་འོས་བསྡུ་སླེབས་གྲབས་ཡོད་པས། ཆབ་སྲིད་དང་འབྲེལ་བ་ཡོད་སྐོར་བརྗོད་མཁན་ཡང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༡༡ ཀློག་གྲངས།