རྒྱ་ནག་གཞུང་གིས་དབུ་མའི་ལམ་དང་འབྲེལ་བའི་བྱ་སྤྱོད་ཁྲིམས་འགལ་བཟོས་འདུག

རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་བྱ་སྤྱོད་རྣམས་ཁྲིམས་འགལ་བཟོས་འདུག་པ་དང་། དེ་བཞིན་བོད་ཡིག་བཀོལ་སྤྱོད་མང་དུ་གཏོང་དགོས་པའི་དགོས་འདུན་ཡང་ཁྲིམས་འགལ་བྱ་སྤྱོད་བཟོས་འདུག

ཟླ་༧ པའི་ཚེས་༣༡ ཉིན་ཧོང་ཀོང་རང་དབང་གསར་ཤོག་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྙན་ཐོ་ཞིག་བཏོན་འདུག་པ་དང་། དེའི་ནང་ཟླ་༢ པའི་ནང་བོད་རང་སྐྱོང་ལྗོངས་བདེ་སྲུང་ལས་ཁུངས་ཀྱིས། གོ་སྒྲིག་ལྡན་པའི་ནག་ཉེས་ཀྱི་འགྲེལ་བརྗོད་ལ་བསྐྱར་ཞིབ་བྱས་པའི་ཐོ་གཞུང་ཞིག་བཏོན་ཡོད་འདུག་པ་དང་། དེའི་ནང་མི་མང་ནང་ལོག་སྤྱོད་ཀྱི་བསམ་བློ་དབུ་མའི་ལམ་ལྟ་བུ་ཁྱབ་སྤེལ་བྱེད་ནས་རྒྱབ་སྐྱོར་འཚོལ་བ་ཁྲིམས་འགལ་བྱ་སྤྱོད་ཡིན་སྐོར་གསལ་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་གཞུང་གི་བཀག་སྡོམ་གསར་པ་དེ་རིགས་ནི་བོད་མིའི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་རྒྱ་བསྐྱེད་དང་། སྲོལ་རྒྱུན་གྱི་བོད་མིའི་དབུ་ཁྲིད་དང་བླ་མའི་དབང་ཤུགས་རྩ་མེད་བཟོ་ཐབས་ཀྱི་དམིགས་ཡུལ་བཅང་བ་ཡིན་སྐོར་བརྗོད་འདུག

བདེ་སྲུང་ལས་ཁུངས་ཀྱིས་གསར་དུ་སྤེལ་བའི་གསལ་བསྒྲགས་ཤིག་ནང་། གལ་ཏེ་མི་སེར་སུས་གོ་སྒྲིག་ལྡན་པའི་ནག་ཉེས་ཚོགས་པའི་བྱ་སྤྱོད་སྙན་སེང་ཞུས་ཚེ། སྙན་སེང་ཞུ་མཁན་གྱི་མིང་སོགས་གསང་བ་ཉར་རྒྱུའི་ཁས་ལེན་བྱས་འདུག་པ་དང་། དེ་བཞིན་ནག་ཆུ་གྲོང་ཁྱེར་ཁུལ་དུ་སྤེལ་བའི་གསལ་བསྒྲགས་གཞན་ཞིག་ནང་། གལ་ཏེ་སུ་ཞིག་གིས་ཐོ་གཞུང་ནང་ཡོད་པའི་བྱ་སྤྱོད་རྣམས་གསང་བའི་ངང་གནས་ཚུལ་མཁོ་སྤྲོད་བྱས་ཚེ། རྒྱ་སྒོར་འབུམ་གཅིག་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བྲིས་ཡོད་འདུག་པ་དང་། ཐོ་གཞུང་ནང་འཁོད་པའི་བྱ་སྤྱོད་ཁག་ཅིག་ནི་རྒྱ་ནག་གི་བོད་ཀྱི་བདག་དབང་ལ་ཁ་གཏད་གཅོག་པ། ཏཱ་ལའི་རུ་ཚོགས་ཀྱི་ཆེད་དུ་དངུལ་བསྡུ་རུབ་བྱེད་པ། བོད་སྐད་བཀོལ་སྤྱོད་མང་དུ་གཏོང་བའི་དགོས་འདུན་སོགས་འཁོད་ཡོད་འདུག་པ་དང་། དེ་བཞིན་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་ཀྱང་ཁྲིམས་འགལ་བཟོས་ཡོད་པ་རེད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་འགན་འཛིན་སཱོ་ཧྥི་ཡ་རི་ཆར་ཌ་སོན་གྱིས། པི་ཅིང་སྲིད་གཞུང་གིས་བོད་མི་རྣམས་ལ་རང་སྐྱོང་གི་དབང་ཚད་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་གྱིས་བོད་མི་ཚོར་ཉིན་རེའི་འཚོ་བའི་ནང་བཙན་གནོན་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག

དེ་བཞིན་བོད་རང་སྐྱོང་ལྗོངས་ཁུལ་དུ་སྤེལ་བའི་གསལ་བསྒྲགས་ནང་དུ། ས་གནས་སུ་དང་བླངས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་དང་། བོད་མིའི་བར་གྱི་རྩོད་རྙོག་འདུམ་སྒྲིག་སོགས་ཀྱི་བྱ་སྤྱོད་རིགས་ཁྲིམས་འགལ་ཡིན་པས། དེ་རིགས་སྙན་སེང་བྱེད་པའི་སྐུལ་མ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༨ ཀློག་གྲངས།