ལ་དྭགས་བོད་ཁྱིམ་སློབ་གྲྭའི་ནང་བསྩལ་བའི་༧གོང་ས་མཆོག་གི་བཀའ་སློབ།

ཟླ་འདིའི་ཕྱི་ཚེས་༡ ཉིན་༧གོང་ས་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ཐང་ཆེན་དུ་བསོད་ནམས་གླིང་གི་མི་མང་དང་བོད་ཁྱིམ་གྱི་དགེ་སློབ་ལས་བྱེད་ཡོངས་ལ་བཀའ་སློབ་གནང་ཡོད་པ་རེད།

སྐབས་དེར་ཐོག་མར་༧གོང་ས་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ལ་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་རྗེས་གསུང་དོན། “དེ་རིང་ང་བོད་པ་གཞིས་ཆགས་ཚོའི་སར་གཅིག་ཡོང་ནས། འདི་གར་ང་ཚོ་བོད་ཁྱིམ་གྱི་སློབ་གྲྭ་ཡོད་རེད། དེ་རིང་ངས་བོད་གངས་ཅན་པ་ཞིག་ཡིན་པའི་ངོས་ནས་སྐད་ཆ་བཤད་ཀྱི་ཡོད། གཉིས་ནས་གཞིས་ལུས་རྒྱ་ཆེའི་མི་མང་ས་ཡ་དྲུག་ཙམ་ཡོད་པ་དེ་དག་གིས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེ་བཞིན་བཙན་བྱོལ་ལ་ཡོད་པའི་བོད་པ་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་དེ་དག་གིས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་བོད་མི་གཞིས་བྱེས་ཡོངས་རྫོགས་ཀྱི་ཚབ་བྱས་ཏེ་ངས་འདིར་ཚིག་ཁ་ཤས་བཤད་འདོད་སོང་”ཅེས་གསུངས་བ་དང་སྦྲགས། འཛམ་གླིང་གི་ས་ཁྲའི་ནང་ནས་གསལ་བ་ལྟར་བོད་གངས་ཅན་གྱི་ལྗོངས་འདི་ས་བབ་ཀྱི་ཆ་ནས་འཛམ་གླིང་གི་ཡང་ཐོག་ཡིན་པ་དང་། བོད་ཀྱི་ས་འོག་ནས་ཐོན་པའི་དངོས་རྫས་དང་མིའི་རུས་པ་བཅས་ལ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་བོད་ནང་འགྲོ་བ་མིའི་རིགས་བསླེབས་ནས་ལོ་ངོ་༣༥༠༠༠ སོང་བ་བཤད་ཀྱི་ཡོད་སྐོར་གསུངས་འདུག

དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་གསུང་དོན་དུ་“དེ་འདྲའི་མི་རིགས་འདི་གནའ་སྔ་མོ་ཞང་བོད་གཉིས་ཞེས་ཞང་ཞུང་དང་བོད་ཅེས་ཞང་ཞུང་བོན་གྱི་རིག་གནས་དེ་འདྲ་ཧ་ཅང་མང་པོ་བཤད་རྒྱུ་ཡོད་རེད། དེ་ནས་རིམ་པས་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་དང་འཁྲུང་ས་བསྐྱོན། བལ་བཟའ་ལ་ཡང་འཁྲུང་ས་བསྐྱོན་ནས་རྒྱ་ནག་དང་བལ་པོ་བཅས་ཁྱིམ་མཚེས་ས་ཁུལ་གཉིས་ནས་འཁྲུང་ས་བསྐྱོན་པ་དེ་འདྲ་བྱས་ནས། སྐབས་དེར་གོང་མ་ཐང་གི་དུས་སུ་རྒྱ་ནག་ལ་ནང་ཆོས་ཤུགས་ཆེན་པོ་དར་ཟིན་པ་རེད། ཐོག་མའི་བོད་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་དེ་དུས་ནས་ཕལ་ཆེར་བྱུང་བ་ཡིན་ས་རེད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་དུ་ཆགས་པ་ཡིན་ནའང་འདྲ། གཞན་ཡང་ཞང་ཞུང་སྨར་ཡིག་ཡོད་པ་འདི་ཡར་རྒྱས་བཏང་བ་ཡིན་ནའང་འདྲ། གང་ལྟར་ཐོན་མི་སམ་བྷོ་ཊའི་སྐབས་སུ་བོད་ཡིག་རྒྱ་ཡིག་ལ་དཔེ་བལྟས་ཡོད་མ་རེད། རྒྱ་གར་གྱི་དེ་བ་ནཱ་ག་རཱི་ཞེས་པའི་ཡི་གེར་དཔེ་བལྟས་ཏེ་དབྱངས་དང་གསལ་བྱེད་ཡོད་པའི་བོད་ཡིག་གསར་གཏོད་གནང་བ་རེད། བོད་ཡིག་ཅེས་སུ་གཅིག་དང་མ་འདྲ་བ་ཞིག་ང་རང་ཚོ་རང་གི་རང་སྐྱ་ཐུབ་པའི་ཡི་གེ་ཅིག་བཟོས་འདུག ཡི་གེ་ཡོད་པ་ཙམ་མ་ཟད་དུས་རབས་༨ ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་གཞི་ནས་རྒྱ་གར་ནས་སངས་རྒྱས་པའི་ཆོས་སྤེལ་རྒྱུའི་དགོངས་པ་བཞེས་ནས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། སློབ་དཔོན་རིན་པོ་ཆེ་ཡོད་རེད། མཁན་སློབ་ཆོས་གསུམ་ཞེས་དེ་འདྲའི་ཐོག་ནས་གཙོ་བོ་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དེ་དག་བོད་ལ་ངོ་སྤྲོད་གནང་། བསམ་ཡས་གཙུག་ལག་ཁང་བཞེངས་པ་གནང་ནས་བསམ་ཡང་གཙུག་ལག་ཁང་གི་ནང་དུ་སྡེ་ཚན་མི་འདྲ་བ་དེ་འདྲ་བཟོས་འདུག རྣམ་དག་ཚུལ་ཁྲིམས་གླིང་ཞེས་སྡོམ་པ་འབོག་ཆོག་གནང་རྒྱུ་རབ་བྱུང་གི་སྡེ་ཐོག་མར་སད་མི་མི་བདུན་རབ་ཏུ་བྱུང་ཞེས་དེ་དུས་ནས་རབ་བྱུང་ངུར་སྨྲིག་གི་སྡེ་སྤུས་དག་པོ་ཞིག་བཙུགས་རྒྱུ་རྣམ་དག་ཚུལ་ཁྲིམས་གླིང་དང་། དེ་ནས་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་ང་ཚོ་བོད་ཡིག་ཐོག་ཡོད་པ་དེའི་ནང་རྒྱ་གར་གྱི་པཱ་ལིའི་གཞུང་བསྒྱུར་ཡོད་པ་མ་ཟད། གཙོ་བོ་ལེགས་སྦྱར་གྱི་གཞུང་ཚུར་བསྒྱུར་ནས་དེང་སྐབས་ང་ཚོ་ཚང་མས་ཤེས་ཀྱི་རེད། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་དེ་དག་བོད་རང་ནས་བྱུང་བ་མ་རེད། རྒྱ་གར་ནས་ཚུར་བསྒྱུར་ཏེ་ཡོང་བ་རེད། མཁན་ཆེན་ཞི་བ་འཚོས་སྒྱུར་དགོས་རེད། ཁྱེད་རང་ཚོར་སྐད་ཡིག་ནི་ཟུར་དུ་འདུག དེ་འདྲ་ཡིན་དུས་རྒྱ་གར་ལེགས་སྦྱར་གྱི་གཞུང་དང་པཱ་ལིའི་གཞུང་ནང་ཡོད་པ་དེ་ཚོའི་གྲས་བོད་ཡིག་ཐོག་སྒྱུར་དགོས་རེད་ཅེས་གསུངས་ནས་སྒྲ་བསྒྱུར་ལོ་པཎ་གླིང་ཟེར་བ་དེ་བཙུགས་འདུག དེ་ལྟར་རིམ་པས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་རིམ་པས་བོད་སྐད་རང་གི་ནང་ཆ་ཚང་ཡོད་པའི་གཞུང་དེ་དག་བྱུང་བ་རེད།”ཅེས་དང་། མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་ལ་ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་ངོ་སྤྲོད་དང་ཐུགས་རེ་གནང་བ་ནང་བཞིན་བོད་ཀྱི་མེས་པོ་ཚོས་བསྒྲུབས་ཡོད་སྐོར་དང་། ད་ལྟ་དུས་རབས་༢༡ ནང་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་ཚད་མའི་ལམ་ནས་རིག་པ་གཙོ་བོ་བྱས་ནས་འགྲོ་རྒྱུ་ཡོད་པ་དེ་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་གཅིག་པུ་མ་གཏོགས་འཛམ་གླིང་གི་ནང་པའི་ལུང་པ་སུ་གཅིག་ལ་མེད་སྐོར་སོགས་ཀྱི་སྐོར་ཟབ་རྒྱས་གསུངས་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༡༡ ཀློག་གྲངས།