འདི་ཡང་རྒྱལ་སྤྱིའི་སྡིངས་ཆ་ཞིག་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༠  ཕྱི་ལོ་ ༢༠༡༨/༨ /༡

ཉེ་ཆར་བོད་ཀྱི་མཛངས་པ་ཉི་མ་ཐའེ་ལན་ཌིར་འཚོགས་པའི་རྒྱལ་སྤྱིའི་འགྲན་སྡུར་ཞིག་ཏུ་ཞུགས་ཐུབ་པ་བྱུང་ཞིང་། གོ་སྐབས་འདིའི་ཐོག་ནས་བོད་ཟེར་བ་གོ་མ་མྱོང་མཁན་མང་པོ་ཞིག་གིས་གསར་དུ་གོ་ཐུབ་པ་བྱུང་ཡོད་ངེས་པ་དང་། གོ་སྐབས་འདི་ལྟ་བུ་མང་ཙམ་རག་ཐུབ་ན་བོད་ཅེས་པ་ངོ་སྤྲོད་ཀྱི་ཐོག་ལའང་ཕན་ནུས་མི་ཆུང་བ་ཞིག་ཡོད་པས། འདི་དང་ལྟ་བུའི་རིགས་ལ་གོ་སྐབས་དམ་འཛིན་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། མ་འོངས་པར་བོད་ཀྱི་ངོས་ནས་སྡིངས་ཆ་འདི་ལྟ་བུར་ཞུགས་ཐབས་བྱེད་པར་རྒྱ་དམར་གཞུང་གིས་དགག་བྱ་བྱས་ནས་གོ་སྐབས་འཆོར་སྲིད་པའི་དབང་དུ་བཏང་ཡང་། ཆབ་སྲིད་ཀྱི་ངོས་ནས་འདི་ཡང་དྲིལ་བསྒྲགས་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡིན། ལོ་འདིའི་འགྲན་སྡུར་ནང་མཐའ་མའི་རྒྱལ་ཁ་ཐོབ་མིན་དེ་གཙོ་བོ་མ་ཡིན་པར། འགྲན་སྡུར་དེའི་ནང་འཛུལ་ཞུགས་ཐུབ་པ་ཙམ་གྱིས་བོད་དོན་ལ་རྒྱལ་ཁ་རླབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཆོག མ་འོངས་པར་ཡང་བོད་ཀྱི་མཛངས་མ་ཞེས་པ་ཡང་མུ་མཐུད་སྔར་བཞིན་རྒྱལ་སྤྱིའི་འགྲན་སྡུར་ནང་ཞུགས་ཐུབ་པར་འབད་བརྩོན་བྱེད་དགོས་སྙམ།

བོད་པའི་རྣམ་པ་དང་ངོ་བོ། ད་ལྟའི་གནས་སྟངས་བཅས་མི་ཤེས་མཁན་འཛམ་གླིང་གི་སྤྱི་ཚོགས་འདིར་ཧ་ཅང་མང་པོ་ཡོད་པ་སྨྲོས་མི་དགོས་པ་དང་། ཉེ་བའི་ཆར་རྒྱལ་སྤྱིའི་རྐང་སྤོལ་འགྲན་སྡུར་ནང་ཁི་རོ་ཤི་ཡ་(Croatia)རྒྱལ་ཁབ་མཐའ་མའི་རྟིང་རྩོད་དུ་ཚུད་པ་ལ་བརྟེན་ནས། སྔོན་མ་ཁི་རོ་ཤི་ཡ་གོ་ཐོས་གཏན་ནས་མེད་པའི་མི་མང་པོ་ཞིག་གིས་ཁི་རོ་ཤི་ཡའི་སྐོར་ཤེས་རྟོགས་བྱུང་ཡོད་པ་དང་། ཆབ་སྲིད་དྲིལ་བསྒྲགས་ཀྱི་ཐོག་ནས་འདི་ལྟ་བུ་ཤེས་རྟོགས་ཡོང་བའི་གོ་སྐབས་དང་ནུས་པ་ཧ་ཅང་ཞན། དེར་བརྟེན་སྐབས་རེ་རྩེད་མོ་སོགས་བརྒྱུད་ནས་སོང་བའི་ཁྱབ་བསྒྲགས་ཀྱི་ནུས་པ་ནི། ཆབ་སྲིད་སོགས་གཞན་དང་མི་འདྲ་བར་འཛམ་གླིང་ཤར་ནུབ་ཀྱི་མི་མང་ཕལ་མོ་ཆེས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ལོ་འདིར་རང་བཙན་མེད་པའི་ཡུལ་གྲུ་ཁག་གི་རྐང་སྤོལ་འགྲན་སྡུར་ནང་བོད་པ་མཉམ་ཞུགས་བྱེད་ཐུབ་པ་བྱུང་ཡོད་པ་དང་། མ་འོངས་པར་བོད་དོན་དྲིལ་བསྒྲགས་ཀྱི་ཐབས་ལམ་ཡང་ཆབ་སྲིད་རྐྱང་པ་དང་། དེ་ཡང་ཆབ་སྲིད་བཙོན་ཟུར་ཡིན་ལ་མིན་ལ་འབའ་ཞིག་ལ་བརྟེན་སྡོད་པའི་ལམ་ཁ་འདི་ཁོ་ན་ཙམ་མིན་པར་ཐབས་ལམ་གཞན་ཡང་འཚོལ་དགོས།

སྤྱིིར་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ནང་ཁུལ་གྱི་འགལ་ཟླའི་ནང་ཐིམ་རྒྱུ་མང་དྲགས་ནས། ནང་ཁུལ་ཤོག་ཁའི་འཐེན་འཁྱེར་གྱི་རྩོད་རྙོག་གི་ཐོབ་ཤོར་དེ་རྩ་དོན་དུ་འཛིན་མཁན་མང་པོ་ཡོད་པ་དང་། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་འཕྲོགས་བྱེད་མཁན་དགྲ་བོ་རྒྱ་དམར་ལས་ཀྱང་ནང་ཁུལ་དུ་འཁོན་རྩོད་ཆེ་བ་ཡོད་པ་ལྟ་བུའི་བྱེད་སྟངས་དར་ཁྱབ་ཏུ་འགྲོ་བཞིན་འདུག སྤྱི་ཚོགས་ཆེ་ཆུང་ག་འདྲ་ཞིག་ཡིན་ནའང་འདྲ། སྡེ་ཚན་མི་འདྲ་བ་ག་འདྲ་ཞིག་ཡིན་ནའང་འདྲ། དོན་དམ་པར་རྩོད་རྙོག་གཏན་ནས་མེད་པ་ཞིག་ཡོང་མི་སྲིད་པ་དང་། གལ་སྲིད་རྩོད་རྙོག་གཏན་ནས་མེད་པའི་སྤྱི་ཚོགས་ཤིག་ཡོད་ན་སྐབས་དེ་དུས་སྤྱི་ཚོགས་དེར་སྤྱི་ལ་འགན་ཁུར་མཁན་གྱི་མི་སྣ་གཏན་ནས་མེད་པ་ལྟ་བུར་གྱུར་པ་རེད་ཅེས་བརྗོད་ཆོག གལ་སྲིད་མི་ཞིག་གིས་སྤྱི་ཚོགས་ཤིག་ལ་འགན་ཁུར་ནས་ལས་ཀ་བྱེད་པའི་སྐབས་སུ་བསམ་ཚུལ་མི་མཐུན་པ་དང་། རྩོད་རྙོག་ཡོང་བ་ལས་མི་ཚང་སོ་སོས་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་བྱུང་བའི་རྩོད་རྙོག་ནི། སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་རྩོད་རྙོག་ཅིག་གཏན་ནས་མིན།

སྐབས་རེ་སྤྱི་ཚོགས་ཤིག་ཏུ་རྩོད་རྙོག་ཡོད་པ་དེ་ཡང་ཕྱོགས་གཅིག་ནས་སྤྱི་ཚོགས་ལ་འགན་ཁུར་མཁན་ཡོད་པའི་མངོན་རྟགས་ལྟ་བུར་གྱུར་ཡོད་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་མི་འབོར་ཉུང་བ་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཁ་འཐོར་ནས་བསྡད་ཡོད་པ། ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་གཅིག་སྒྲིལ་གྱི་གནས་བབས་ཧ་ཅང་ཞན་པོ་མིན་ཡང་། ད་ལྟ་སྤྱི་ཚོགས་ནང་འགྲོ་བཞིན་པའི་ཤོག་འཐེན་རང་བཞིན་གྱི་རྩོད་རྙོག་འདི་དག་ལ་བརྟེན་ནས་མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནུས་པ་ཉམས་འགྲོ་བ་མ་ཟད། ཐ་ན་ཁ་འཐོར་དགུ་འཐོར་དུའང་འགྲོ་མི་སྲིད་པ་རེད་མི་འདུག སྐབས་རེ་དགྲ་གཉེན་གྱི་གོ་ས་ལྡོག་འགྲོ་བ་དང་། འཁོན་འཛིན་གྱི་ཁ་ཕྱོགས་ནོར་འགྲོ་བ་ལྟ་བུའི་དུས་ཚོད་ཀྱང་མཐོང་རྒྱུ་ཡོད་པ་ནི་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་འཐུས་ཤོར་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཉམས་ཉེས་རང་བཞིན་མངོན་དུ་གྱུར་ནས། ང་ཚོའི་དགྲ་བོ་རྒྱ་དམར་གཞུང་ལ་དགོས་པ་དེ་ཡང་ཆགས་འགྲོ་ངེས་རེད།

མདོར་ན་གཅིག་སྒྲིལ་དུ་གནས་དགོས་པ་དང་། འཐབ་རྩོད་ཀྱི་ངོ་བོ་བརྟན་པོར་གནས་དགོས་ན་ཆབ་སྲིད་འབའ་ཞིག་ལ་བརྟེན་ནས་ནུས་པ་ཐོན་མི་ཐུབ་པའི་གནས་སྟངས་མང་པོ་ཡོད། བཙན་བྱོལ་བོད་པ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པས་ཆབ་སྲིད་ལ་བརྟེན་ནས་ནུས་པ་ཐོན་དགོས་པ་ལྟ་བུར་གྱུར་ཡོད་ཀྱང་། ད་ལྟའི་ཆར་ཕྱོགས་ཞེན་གྱི་ནད་ཡམས་ཁྱབ་ཚད་ཆེ་དྲགས་ནས་སྤྱི་པ་དང་སྤྱི་པའི་སྒྲིག་འཛུགས་ལ་བསམ་བློ་ཉུང་དུ་འགྲོ་བཞིན་པའི་སྐབས་སུ་རྩེད་མོ་སོགས་ལ་བརྟེན་ནས་གཅིག་སྒྲིལ་ཡོང་ཐབས་ཡོད་མེད་བལྟ་དགོས། བོད་ཀྱི་མཛངས་པ་དང་། བོད་ཀྱི་མཛངས་མའི་འགྲན་སྡུར་ཞེས་པ་འདི་ཚོ་ཡང་དཔལ་འབྱོར་འདུ་འགོད་ཙམ་དང་། ད་དུང་སྡུག་ས་ནས་བཤད་ན་ནག་ཚོང་གི་ལམ་ཁ་ཙམ་ཞིག་ཏུ་མི་སྒྱུར་བར་སྤྱི་ཕན་རང་བཞིན་གྱི་ལམ་ཞིག་ཏུ་འགྲོ་ཐུབ་ན་བོད་དོན་ལ་ཕན་ཐོགས་ཡོད་ངེས་རེད། ད་ལྟའི་ཆར་སྤྱི་ཚོགས་རང་བཞིན་གྱི་ཚོགས་པ་ཁག་ཀྱང་སྐབས་རེ་མཐའ་གཅིག་ཏུ་ལྷུང་འགྲོ་བ་ལྟ་བུར་འགྱུར་བཞིན་པའི་སྐབས་འདིར། ཐབས་ཤེས་གང་དྲག་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།།

Share this:
༧༤ ཀློག་གྲངས།