བོད་པ་དང་མོན་པའི་བར་དུས་རབས་བདུན་པ་ནས་དམིགས་བསལ་འབྲེལ་བ་ཡོད་རེད།

ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་ཀྱིས་༢༠༡༨ ལོའི་ཕྱི་ཟླ་༧ ཚེས་༢༥ ནས་ཉིན་ཤས་རིང་དྷ་སར་བོད་མིའི་སྒྲིག་འཛུགས་དང་བོད་ཁྱིམ་སློབ་གྲྭ་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཟིགས་སྐོར་དང་། སྲིད་སྐྱོང་སོགས་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་ཡོད་པ་རེད། ཕྱི་ཟླ་༧ ཚེས་༣༡ ཉིན་བོད་པ་དང་མོན་པའི་བར་གྱི་འབྲེལ་བའི་སྐོར་ཁོང་ལ་བཅར་འདྲི་བྱས་ཡིན།

དྲི་བ། ཁྱེད་རང་ད་ཐེངས་དྷ་སར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་ལ་མཇལ་འཕྲད་གནང་ནས། ཕྱག་ལས་གཙོ་བོ་ག་རེ་ཡིན་མིན་སྐོར་ངོ་སྤྲོད་གནང་རོགས།
ལན། ཉེ་ཆར་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་དང་ངེད་གཉིས་འདིར་བཅར་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ། ཧི་མ་ལ་ཡའི་རི་རྒྱུད་དང་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པས། དེ་གོང་འཕེལ་གཏོང་ཆེད་དུ་རོགས་པ་གནང་རོགས་ཞུས་ཡིན། ངོས་ལེན་གནང་ནས་ད་ཐེངས་བོད་གཞུང་ཟློས་གར་ཚོགས་པའི་ནང་མོན་རྟ་དབང་ནས་སློབ་མ་བཅུ་ཞིག་སློབ་འཇུག་བྱེད་དུ་ཡོང་ཡིན།

དྲི་བ། དེང་སྐབས་མོན་ཡུལ་གྱི་ན་གཞོན་ཚོའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་སྦྱོང་གནས་བབས་ག་འདྲ་ཡོད་རེད།

ལན། ༡༩༥༡ ལོ་ནས་ང་ཚོ་མོན་རྟ་དབང་རྒྱ་གར་འོག་ཏུ་སླེབས་པ་རེད། སྤྱིར་བཏང་བཤད་ན་༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་བཞག་ནས་ང་ཚོ་རྒྱ་གར་ཆ་ཤས་ནང་སླེབས་ཡོད་རེད། དེའི་སྔོན་དུ་ང་ཚོ་བོད་པ་དང་ཆོས་དང་རིག་གཞུང་ཚང་མ་གཅིག་པ་བྱས་ནས་བསྡད་རེད། ད་ལྟ་ཡིན་ནའང་ང་ཚོ་ཆབ་སྲིད་ཐོག་ནས་རྒྱ་གར་གྱི་ཆ་ཤས་ཆགས་པ་ལས། ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་ཚང་མ་བོད་པའི་དེ་སློབ་སྦྱོང་དང་འཛིན་སྐྱོང་བྱེད་བཞིན་པ་རེད།

དྲི་བ། སོ་སོའི་ཆོས་དང་རིག་གཞུང་སློབ་གཉེར་ཆེད་རྒྱ་གར་གཞུང་གི་མཐུན་རྐྱེན་ཡོད་རེད་དམ།

ལན། དེ་ཡོད་རེད། ལ་དྭགས་ནས་ཨ་རུ་ན་ཅལ་བར་དུ་བོད་ཡིག་ཤུགས་ཆེན་པོ་བེད་སྤྱོད་གཏོང་གི་ཡོད་རེད་ལ། སོ་སོའི་ཆོས་དང་རིག་གཞུང་གི་རྨང་གཞི་རེད། (བོད་ཡིག་སློབ་གཉེར་སྐོར་)ཨ་རུ་ན་ཅལ་གཞུང་གི་འགོ་ཁྲིད་རྙིང་པ་ཚོས་ནུས་ཤུགས་བཏོན་ནས་མངའ་སྡེའི་གྲོས་ཚོགས་ནང་གཏན་འབེབས་བྱས་ནས་ལྡི་ལིར་(དབུས་གྲོས་ཚོགས་)སླེབས་རེད། ད་ལྟ་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་དུ་འཇོག་རྒྱུར་རེ་བ་རྒྱག་གི་ཡོད། དེ་འདྲ་གཞུང་འབྲེལ་ཐོག་སོང་ན་ནུས་པ་ཆེ་ཡི་རེད། ཨ་རུ་ན་ཅལ་ནང་ཆ་བཞག་ན་ཆོས་རིག་ལས་ཁུངས་དེ་ཆོས་ཀྱི་ཐོག་རེད། མངའ་སྡེའི་ནང་མི་གྲངས་མོན་པ་བརྒྱ་ཆ་བཅུ་གྲངས་རེད། ང་ཚོ་གྲངས་ཉུང་མི་རིགས་རེད། ཨ་རུ་ན་ཅལ་གྱི་སྤྱིའི་མི་གྲངས་འབུམ་བཅུ་གྲངས་རེད། དེའི་ནང་ང་ཚོ་འབུམ་གཅིག་ཟིན་མིན་རེད། ཡིན་ནའང་ནུས་ཤུགས་འདོན་གྱི་ཡོད། ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལས་བོད་པའི་སྤྱི་ཚོགས་ནང་གི་སེ་འབྲས་དགའ་གསུམ་དུ་སློབ་གཉེར་བ་མང་པོ་རེད། དགེ་བཤེས་མང་པོ་བྱུང་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་གི་ནང་ཕྲུ་གུ་གང་འཚམས་ཤིག་ཡོད་རེད། མ་འོངས་པར་ནང་པའི་ཟེར་ནའང་རེད། མོན་པའི་ཟེར་ནའང་རེད། དེའི་འགན་དེ་ཁོང་ཚོས་ལེན་གྱི་རེད། དེང་དུས་ཀྱི་སློབ་གཉེར་དང་དབྱིན་ཡིག་དང་ཧིན་དྷི་ཡོངས་ཁྱབ་བཞིན་རེད།

དྲི་བ། མོན་གྱི་སློབ་གྲྭ་ཁག་ནང་བོད་ཡིག་འཛིན་གྲྭ་ཡོད་ས་ག་ཚོད་ཡོད་རེད།

ལན། དེའི་འགན་ང་ཚོ་ཆོས་རིག་ལས་ཁུངས་ནས་ལེན་གྱི་ཡོད་རེད། ཨ་རུ་ན་ཅལ་ནང་བོད་ཡིག་སློབ་ཚན་འཛིན་གྲྭ་༡ པོ་ནས་༨ བར་ཡོད་རེད། སློབ་ཚན་དེ་ལེན་མིན་སོ་སོའི་འདེམས་ཀ་རེད། རྟ་དབང་དང་འབུམ་སྡེ་ལ། ཏྲུ་ཊིན། མེ་ཅོ་ཀ་སོགས་ནང་པའི་ས་གནས་ནས་སློབ་མ་བརྒྱ་ཆ་དགུ་བཅུས་བོད་ཡིག་སློབ་ཚན་ལེན་གྱི་ཡོད་རེད། བོད་ཡིག་དགེ་རྒན་བརྒྱ་སྐོར་ཞིག་ཡོད་རེད། བོད་ཡིག་དགེ་རྒན་ཡོང་ས་ཨ་རུ་ན་ཅལ་མཐོ་རིམ་སློབ་གྲྭ་དང་ཝ་ར་ན་ས་ནས་ཡོང་གི་ཡོད་རེད་ལ། ལག་ཁྱེར་མེད་པར་སྔོན་མ་ནས་འགན་ལེན་མཁན་རྒན་པ་ཡང་ཡོད་པ་རེད། དེང་སྐབས་སློབ་ཁྲིད་བྱེད་སྟངས་ཀྱི་ཟབ་སྦྱོང་ཡང་འཚོག་གི་ཡོད་རེད།

དྲི་བ། སྤྱིར་བཏང་བོད་གཞུང་དང་མོན་པ་བར་གྱི་གཞི་རིམ་འབྲེལ་ལམ་ག་འདྲ་ཡོད་རེད།

ལན། གཙོ་བོ་༧རྒྱལ་བ་རིན་པོ་ཆེ་རེད་ལ། བོད་གཞུང་གིས་ང་ཚོར་ཞེ་དྲག་རོགས་པ་གནང་གི་འདུག དཔེར་ན་སློབ་གྲྭ་ཁག་དང་། སྨན་རྩིས་ཁང་། བོད་གཞུང་ཟློས་གར་རེད། བོད་པའི་སྤྱི་ཚོགས་ནང་མཉམ་ཟ་མཉམ་འཐུང་བྱེད་ཀྱི་འདུག

དྲི་བ། མོན་ཡུལ་ནས་བཙན་བྱོལ་སྤྱི་ཚོགས་ནང་སློབ་གཉེར་བ་ག་ཚོད་ཡོད་རེད་དམ།

ལན། ང་ཚོའི་ཆོས་རིགས་ལས་ཁུངས་ནས་སློབ་ཡོན་སྤྲད་བཞག་ས་ད་ལྟ་ཐོ་ཡོད་པ་༢༣༠༠ ཙམ་འདུག ཨ་རུ་ན་ཅལ་ཡོངས་ཀྱི་ནང་ནས་ཉུང་མཐར་སྟོང་ཕྲག་ལྔ་ཙམ་ཡོད་ཀྱི་རེད། སློབ་གྲྭའི་སློབ་མ་༦༠༠ ཙམ་ཡོད་རེད། ཨ་རུ་ན་ཅལ་ནང་བོད་པ་གཞིས་ཆགས་བཞི་ཡོད་རེད་ལ། གཞུང་འབྲེལ་གྱིས་བོད་པ་༦༠༠༠ ཙམ་བརྩི་ཡི་ཡོད་རེད།

དྲི་བ། མོན་པའི་ནང་རྒྱ་བོད་བར་གྱི་གནས་སྟངས་དང་བོད་ཀྱི་འཐབ་རྩོད་སྐོར་ལ་ལྟ་སྟངས་དང་ཤེས་རྟོགས་ག་འདྲ་ཡོད་རེད།

ལན། མི་རྒན་པ་ཚང་མས་མཁྱེན་གྱི་རེད། བོད་པ་དང་མོན་པའི་བར་མཉམ་ཟ་མཉམ་འཐུང་གི་འབྲེལ་བ་ཡོད་རེད། ཕྱི་ཟླ་༨ ཚེས་༡༢ ཉིན་ནས་ང་ཚོ་འཚོགས་འདུ་ཞིག་འཚོག་གི་ཡོད། ལོ་ཆུང་བ་ཚོའི་ནང་བོད་པ་དང་མོན་པའི་བར་གྱི་མི་རབས་ནས་མི་རབས་བར་གྱི་འབྲེལ་བ་ཡོད་པ་མ་ཤེས་མཁན་མང་པོ་ཡོད་རེད། དེའི་འབྲེལ་བ་དེ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་གཅིག་པུ་མ་རེད་ལ། དུས་རབས་བདུན་པ་ནས་དམིགས་བསལ་འབྲེལ་བ་ཡོད་རེད། རྒྱལ་བ་སྐུ་ཕྲེང་དྲུག་པ་རྟ་དབང་ལ་འཁྲུངས་རེད། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་༡༩༥༩ ལོར་སྐྱབས་བཅོལ་ལ་ཕེབས་དུས་རྟ་དབང་ནས་མར་ཕེབས་རེད། དེ་ཚོར་བལྟས་ན་ང་ཚོ་གཅིག་པ་རེད། བོད་ཀྱི་འཐབ་རྩོད་སྐོར་ཁ་ཤས་ཀྱིས་ཤེས་ཀྱི་ཡོད་རེད་ལ། མ་ཤེས་མཁན་ཡང་ཡོད་རེད། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་འཚོ་བའི་གནས་སྟངས་ཀྱང་མ་ཤེས་མཁན་ཡང་ཡོད་རེད། ང་ཚོ་ས་ཆ་མཐའ་འཁོབ་རེད། ཚེས་༡༢ ཉིན་ལོ་ཆུང་བ་མང་པོ་འཚོགས་འདུ་ལ་ཡོང་གི་ཡོད་རེད་ལ། དམིགས་ཡུལ་གཅིག་དེ་ངོ་སྤྲོད་ཆེད་དུ་ཡིན། དེ་འདྲ་མ་བྱས་ན་འཐུས་ཤོར་འགྲོ་ཡི་འདུག བོད་པའི་འཐབ་རྩོད་སྐོར་ཤེས་མཁན་དང་སེམས་ཤུགས་ཅན་ཡང་མང་པོ་ཡོད་རེད། ང་རང་ཚོ་མོན་པའི་ནང་དུ་ཡང་ཁ་སྐད་མ་མཐུན་མང་པོ་ཡོད་རེད་ལ། ང་ཚོས་ཧིན་སྐད་རྒྱག་གི་ཡོད་རེད།

དྲི་བ། མོན་པའི་ནང་དུ་བོད་དོན་ཤེས་མཁན་ཚོས་འཐབ་རྩོད་བྱེད་རྒྱུར་རེ་བ་ག་ཚོད་བྱེད་ཀྱི་ཡོད་དང་། དབུ་མའི་ལམ་གྱི་སྲིད་ཇུས་དང་རང་བཙན་འཐབ་རྩོད་སྐོར་ལ་ཁྱེད་རང་གིས་གཟིགས་སྟངས་ག་འདྲ་ཡོད་དམ།

ལན། ངའི་པ་ལགས་ཆ་བཞག་ན་བོད་རང་བཙན་ཡོད་དུས་བོད་ལ་ཕེབས་མྱོང་རེད། ༧གོང་ས་མཆོག་རྟ་དབང་བརྒྱུད་ནས་སྐྱབས་བཅོལ་ལ་ཡོང་སྐབས་བློ་ཕམ་ཞེ་དྲག་བྱུང་རེད་ལ། ཁོང་ལ་༧གོང་ས་མཆོག་གི་རྟ་དབང་བརྒྱུད་ནས་ཕར་ཕེབས་ཏེ་གསེེར་ཁྲིའི་ཐོག་བཞུགས་རྒྱུར་རེ་བ་ཞེ་དྲག་ཡོད་རེད། སྔོན་མ་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོས་ང་ཚོ་རྒྱ་ཡི་ས་མཚམས་མཉམ་དུ་ཡོད་མ་རེད། བོད་ཀྱི་ས་མཚམས་མཉམ་དུ་ཡོད་རེད་ཅེས་གསལ་པོ་ཞེ་དྲག་གསུངས་ཡོད་པ་རེད་ལ། ད་ལྟའི་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་དེ་འདྲ་གསུངས་རེེད། ང་རང་སྒེར་ངོས་ནས་ཆབ་སྲིད་སྐོར་གཏིང་ཟབ་པོ་ཞེ་དྲག་ཤེས་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེའི་སློབ་མ་ཡིན་པའི་ངོས་ནས། གང་ལྟར་༧རྒྱལ་རིན་པོ་ཆེ་སྐུ་མ་གཤེགས་སྔོན་བོད་ཀྱི་གནད་དོན་གསལ་ཐུབ་དགོས་རེད་བསམ་གྱི་འདུག་ལ། དབུ་མའི་ལམ་དང་བོད་རང་བཙན་སྐོར་ངས་ཞེ་དྲག་ཤེས་ཀྱི་མ་རེད། གང་རག་ན་གང་ལྟར་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ནས་ཁོང་གིས་བོད་འཛིན་སྐྱོང་ཐུབ་ན་ཡག་པོ་རེད་བསམ་གྱི་འདུག ང་རང་གིས་ལྟ་སྟངས་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་རྩོད་ཀྱི་ཡོད་རེད་ལ། བསྟན་འཛིན་བརྩོན་འགྲུས་(ཁོང་དེའི་སྐབས་མཉམ་དུ་ཡོད་)ལགས་ཀྱིས་རང་བཙན་རྩོད་ཀྱི་ཡོད་པ་རེད། གང་ལྟར་བོད་ཆོས་ལྡན་ཞིང་ཁམས་ཀྱི་དཀའ་ངལ་སེལ་དགོས་རེད་ལ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་དགོས་རེད།

དྲི་བ། ཉེ་ཆར་ཨ་རུ་ན་ཅལ་དུ་གློ་པ་དེ་འདྲས་བོད་མིར་ངོ་རྒོལ་བྱས་པའི་གནད་དོན་ངོ་སྤྲོད་གནང་རོགས།

ལན། ཨ་རི་ན་ཅལ་ནང་མི་རིགས་མང་པོ་རེད་ལ། དེའི་ནང་ང་ཚོ་མོན་པ་ཉུང་ཉུང་རེད། བརྒྱ་ཆ་བཅུ་ཙམ་ཡིན་གྱི་རེད། ནང་པ་ཡིན་པ་མངའ་སྡེའི་འཐུས་མི་(MLA) བརྒྱད་དགུ་ཙམ་ཡོད་རེད་ལ། དེའི་ནང་དུ་ཡང་མོན་པ་རང་ཡིན་པ་བཞི་ལས་ཡོད་མ་རེད། ཊུའུ་ཊིན་དང་པདྨ་བཀོད་པ་དེ་ཚོའི་ནང་འཐུས་མི་ནི་གློ་པ་རེད། ངོ་རྒོལ་བྱེད་མཁན་ནང་ང་ཚོ་མོན་པ་ཡོད་པ་མ་རེད། ཡིན་ནའང་ཕྲུ་གུ་འཛིན་གྲྭ་བདུན་པ་བརྒྱད་པའི་སློབ་མ་དེ་འདྲས་མ་ཤེས་ནས་གཅིག་གཉིས་མཉམ་ཞུགས་བྱས་ཡོད་སྲིད་པ་རེད། གློ་པ་ཚོས་ངོ་རྒོལ་སྐབས་འཕྲེད་དར་དེ་སྡུག་ཆགས་འདུག་མ་གཏོགས། བོད་པ་ཚོ་གཞིས་ཆགས་ནང་སྡོད་ཆོག་གི་མེད་ཟེར་གྱི་ཡོད་མ་རེད། ཁོ་རང་ཚོས་རྒྱ་གར་གཞུང་གིས་བོད་པར་དམིགས་བསལ་མཐུན་རྐྱེན་སྦྱར་བ་དེ་འགྲིག་གི་མི་འདུག མཐུན་རྐྱེན་དེའི་འོག་ནས་བོད་པ་ཚོར་ཚོང་ལས་ཀྱི་ལས་ཀ་དང་། ས་ཆ། མི་མང་སྐྱོ་བའི་ཐོབ་ཐང་རག་གི་ཡོད་པས། ཁོ་རང་ཚོ་ཡུལ་མིིའི་འཚོ་བར་ཕོག་ཐུག་འགྲོ་ཡི་རེད་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་གར་གཞུང་དམིགས་བསལ་མཐུན་རྐྱེན་སྦྱར་བ་དེ་ག་འདྲ་ཞིག་ཡིན་པ་ངོ་སྤྲོད་ཡག་པོ་བྱེད་རྒྱུ་ཡིན། མོན་པ་ལ་གཏམ་དཔེ་ཞིག་ཡོད་རེད། ཕྱི་ལོག་ལ་འཆམ་འཁྲབ་དགོས་ན། ནང་ལོག་ལ་གྲ་འགྲིག་དགོས་པ་རེད་ཟེར་བ་ལྟར། མོན་པ་ཚོར་ངོ་སྤྲོད་ཡག་པོ་དང་། རིམ་པས་གློ་བ་ཚོའི་ནང་དུ་ངོ་སྤྲོད་ཡོང་ཐུབ་བྱེད་འཆར་ཡོད།

དྲི་བ། ཁྱེད་རང་གིས་བོད་པའི་སྐོར་མཁྱེན་རྟོགས་ག་འདྲ་བྱུང་བ་དང་། ལས་དོན་སྐོར་ངོ་སྤྲོད་མདོར་བསྡུས་གནང་རོགས།

ལན། ང་ཆབ་སྲིད་ཀྱི་ཐོག་ནས་ང་མོན་པ་རེད་མོད། བོད་པར་དགའ་པོ་དང་བརྩེ་དུང་ཞེ་དྲག་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལོ་བཅུ་ལ་བྱས་ཡིན། སྔོན་མ་ངའི་པ་ལགས་ཀྱིས་བྱས་རེད། ང་རང་ལ་རང་བཞིན་གྱིས་བོད་པ་དང་མོན་པའི་བར་ཁྱད་པར་མེད། གདུང་སེམས་མཉམ་བསྐྱེད་བྱས་ནས་འགྲོ་དགོས་རེད་བསམ་པའི་ཚོར་བ་ཆེན་པོ་ཡོང་གི་འདུག ཆོས་དང་རིག་གཞུང་ཚང་མ་གཅིག་རེད། གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་རེད། ཁ་ནས་བཤད་པ་ཙམ་མ་ཡིན་པར་ལས་ཀ་བྱེད་དགོས་རེད་ལ། ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་ན་ཕྱིར་འཐེན་རྩ་བ་ནས་བྱེད་རྒྱུ་མིན། ངས་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། ང་བོད་གཞུང་སློབ་གྲྭར་འགྲོ་མྱོང་མེད། དབྱིན་ཇི་སློབ་གྲྭར་སོང་རེད། ངའི་པ་ལགས་བོད་ལ་འགྲོ་མྱོང་རེད་ལ། ང་ལ་ཁྱེད་རང་སློབ་སྦྱོང་བྱས་ནས་མི་ཆེན་པོ་ཆགས་ནའང་།བོད་དོན་ཐོག་ལས་ཀ་བྱེད་དགོས་རེད། བོད་མི་ས་ཡ་དྲུག་གལ་ཆེན་པོ་རེད་ཟེར་མྱོང་། དེ་ནས་བོད་མི་གྲོགས་པོ་མང་པོ་ཆགས་རེད། མི་ཆེན་པོ་དང་ཆུང་ཆུང་འདྲ་མིན་ཡོད། དཔེར་ན་དེ་རིང་འདིར་ཡོད་པའི་བསྟན་འཛིན་བརྩོན་འགྲུས་ལགས་རེད། སོ་སོའི་འཚོ་བར་དོ་སྣང་མ་བྱས་ནས་བོད་རང་བཙན་ཆེད་ལས་ཀ་བྱེད་མཁན་དཀོན་པོ་རེད། ཁོ་རང་ལ་དགའ་པོ་ཡོད། དེ་འདྲ་གྲོགས་པོ་ངོ་ཤེས་མང་པོ་ཆགས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།༢༠༡༨།༧།༣༡

 

Share this:
༣༨༤ ཀློག་གྲངས།