མདུན་དུ་བོད་རིགས་བཤམས་པའི་རྒྱབ་ཀྱི་བསམ་ངན་ལ་དགག་པ་ཡོད།

མདུན་དུ་བོད་རིགས་ཁ་ཤས་བསྟན་ནས་རྒྱབ་ཏུ་རྒྱ་དམར་གཞུང་ནས་ཕུགས་བསམ་ངན་པ་བཅངས་ཏེ་འབད་བརྩོན་བྱེད་སྟངས་འདི་ལྟ་བུ་ལ་དགག་པ་ཡོད་ཅེས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ གྱི་ཉིན་རྒྱབ་ཏུ་དྷ་ས་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་དུ། སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ནས། དེ་རིང་ཕྱི་ཚེས་༣ ནས་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་འཚོགས་ཀྱི་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་ཆེད་དུ་བོད་མིར་གོ་སྒྲིག་བྱེད་བཅུག་པའི་ཇུས་ངན་ཞིག་ཡིན་སྐོར་དང་། རྒྱ་ནག་གིས་བོད་ཀྱི་གསོ་བ་རིག་པ་ཁོ་རང་ཚོའི་བདག་དབང་དུ་བཟོ་ཐབས་བྱེད་བཞིན་པར་ངོ་རྒོལ་ཡོད་སྐོར། བོད་ཀྱི་གསོ་རིག་གི་མ་ཕྱི་བརྒྱུད་བཞིའི་ཁུངས་ནི་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཐུག་ཡོད་པ་དང་། ཁོང་ནི་བོད་པ་གཙང་མ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་ཡང་གསར་འགོད་གསལ་བསྒྲགས་སྐབས་ཁོང་གིས་དེ་རིང་སྤྱི་ལོ་༢༠༡༨ ཟླ་༨ ཚེས་༣ ནས་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་དེ་འཚོགས་ཀྱི་ཡོད་པ་དང་། ཚོགས་འདུ་དེར་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནས་སྨན་པ་དང་། ཚན་རིག་པ་སོགས་ཕེབས་ཀྱི་ཡོད་སྟབས་སྤྱིའི་ཆ་ནས་བོད་སྨན་ཁྱབ་བསྒྲགས་ཡོང་རྒྱུའི་དགེ་ཕན་ཡོད་ཀྱང་། དེ་ནི་བོད་རིགས་བེད་སྤྱོད་བྱས་པ་བརྒྱུད་རྒྱ་གཞུང་གིས་རྒྱལ་སྤྱིའི་ནང་བོད་སྨན་ཐོག་ཕུགས་རྒྱང་རིང་པོར་ཉེན་ཁ་ཅན་གྱི་སྦྱོར་བ་བརྩམས་ཡོད་པ་ཞིག་ཡིན་པ་ཤེས་གལ་ཆེ་སྐོར་དང་། བར་ལམ་ནས་བོད་ནང་གསོ་བ་རིག་པའི་སྡེ་ཚན་འདྲ་མིན་ཐོག་རྒྱ་ནག་གཞུང་གིས་མངོན་གསལ་མེད་པའི་ལས་འཆར་བརྩམས་ཀྱི་ཡོད་པ་ནི་རྒྱ་ནག་གི་དམག་དཔོན་ཟུར་པ་རྒན་ཡོལ་བྱས་པ་ཁག་བོད་སྨན་ཁང་གི་སྡེ་ཚན་ཁག་གི་ཕྱི་འབྲེལ་འགན་འཛིན་ལ་འཇོག་པ་ལྟ་བུ་ལས་རྟོག་ཐུབ་སྐོར། བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་སྐབས་བྱེས་ཀྱི་སྨན་རྩིས་ཁང་ནས་སྨན་པ་གསུམ་ཚོགས་འདུ་དེར་གཏོང་ཐབས་བྱས་ཀྱང་མཐོ་མཆན་སྤྲད་མེད་པ་མ་ཟད། བཞུགས་སྒར་སྨན་རྩིས་ཁང་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཚོགས་ཆེན་ཐོག་བོད་ནང་བཞུགས་པའི་སྨན་པ་མཁས་པ་རྣམས་ལ་གདན་ཞུའི་མགྲོན་བརྡ་ཕུལ་ཡང་གཞན་དབང་སྟབས་བསྟུན་གྱི་དབང་གིས་ཕེབས་ཐུབ་མེད་སྐོར། དེ་བཞིན་ན་ནིང་ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་བཞི་པ་དེ་ཨ་རིར་འཚོགས་སྐབས་གཏམ་བཤད་བྱེད་མཁན་དྷ་ས་སྨན་རྩིས་ཁང་ནས་སྐད་བཏང་ན་གང་ཅིའི་ཐད་ནས་དཀའ་ངལ་ཡོད་ལུགས་སོགས་འབྲེལ་མཐུད་པར་རྒྱ་ནག་གཞུང་གིས་བཀོད་མངགས་བྱེད་སྟངས་དང་། སྐབས་དེའི་ཚོགས་བཅར་སྨན་པ་ཞིག་གིས་གསོ་བ་རིག་པའི་ཐོག་བསྩལ་བའི་༧གོང་ས་མཆོག་གི་བཀའ་སློབ་ཅིག་ལུང་འདྲེན་བྱེད་སྐབས་ཆབ་སྲིད་ཀྱི་སྐད་ཆ་བཤད་མི་རུང་བའི་ཉེན་བརྡ་བཏང་ཡོད་པ་དང་། དེ་ནི་བློ་རྒྱ་ཆུང་བའི་རྟགས་མཚན་ཞིག་ཡིན་སྐོར་བཅས་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་ལུགས་སྨན་པ་རྣམས་ལ་འབོད་སྐུལ་དུ་“བོད་ཀྱི་གསོ་བ་རིག་པར་རྒྱལ་སྤྱིའི་ནང་དགའ་མོས་བྱེད་མཁན་མང་ནས་མང་དུ་འགྲོ་བའི་དུས་འདིར་དམིགས་བསལ་གཞིས་བྱེས་གཉིས་ཀྱི་བོད་ལུགས་སྨན་པ་རྣམས་ནས་རིག་གཞུང་འདི་ཉིད་སྲུང་སྐྱོབ་དང་། མཚན་ངན་མི་ཡོང་བར་ཚང་མས་ཡིད་གཟབ་གནང་དགོས་འདུག བོད་དུ་ཡོད་པའི་སྨན་པ་རྣམས་ཀྱིས་གཞན་དབང་སྟབས་བསྟུན་བྱེད་དགོས་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང་། གང་ཐུབ་འབད་བརྩོན་བྱེད་རོགས་ཞུ་རྒྱུ་ཡིན། དཔལ་འབྱོར་གྱི་ཁེ་ཕན་ལ་རྔམས་ཏེ་རྒྱ་མིའི་ཚོང་པ་དང་རྒྱ་གཞུང་གི་འདོད་པར་བསྟུན་མཁན་དེ་འདྲ་མང་དུ་འགྲོ་འདུག་པས། ང་ཚོ་རང་དབང་ལུང་པར་ཡོད་པའི་གསོ་བ་རིག་པའི་ཞབས་འདེགས་ཞུ་མཁན་ཚོས་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་རིག་བསྟན་པའི་རྩ་དོན་ལ་དམིགས་ཏེ་སྐད་མ་བརྒྱབ་ན་རྒྱག་མཁན་མེད་པ་གསལ་པོ་རེད། བོད་ཀྱི་གསོ་བ་རིག་པར་རྒྱལ་སྤྱིའི་ནང་དགའ་མོས་བྱེད་མཁན་མང་དུ་འགྲོ་བའི་དུས་དང་། ལྷག་པར་རྒྱ་དཀར་ནག་གཉིས་ཀྱི་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་འཆར་གཞི་ལྡན་པའི་ལས་གཞི་སྣ་ཚོགས་རྩོམ་བཞིན་པའི་དུས་འདིར་བོད་ཀྱི་གསོ་བ་རིག་པའི་དངོས་ཡོད་ལོ་རྒྱུས་ཐོག་ཕྱི་མིག་ཅིག་བལྟ་དགོས་པ་གལ་ཆེན་པོ་མཐོང་སོང་”ཞེས་དང་། བོད་ཀྱི་གསོ་རིག་གི་མ་ཕྱི་བརྒྱུད་བཞིའི་ཁུངས་ནི་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཐུག་ཡོད་པ་དང་། གཡུ་ཐོག་ཡོན་ཏན་མགོན་པོ་ནི་བོད་པ་རང་ཡིན་སྐོར་སོགས་གསུངས་སོང་བ་མ་ཟད། དུས་འགྱུར་སྐབས་རྒྱ་ནག་གིས་བོད་ཀྱི་གསོ་རིག་ཇི་ལྟར་གཏོར་བཤིག་བཏང་བའི་སྐོར་དང་། ཕྱི་ལོ་༡༩༦༡ ལོ་ནས་བཟུང་༧གོང་ས་མཆོག་གིས་བཙན་བྱོལ་ནས་ཇི་ལྟར་གསོ་རིག་བསྐྱར་གསོ་གནང་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་“འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཞེས་པ་མདུན་དུ་བོད་རིགས་ཁ་ཤས་སྟོན་ནས་རྒྱབ་ཏུ་རྒྱ་དམར་གཞུང་ནས་ཕུགས་བསམ་ངན་པ་བཅངས་ཏེ་འབད་བརྩོན་བྱེད་སྟངས་འདི་ལྟ་བུ་ལ་དགག་པ་ཡོད་ལ་ད་དུང་འབྱུང་འགྱུར་གོ་སྐབས་ནམ་བྱུང་ལ་ཡིག་ཆ་འདི་ལྟ་བུ་འགྲེམས་སྤེལ་ཞུ་རྒྱུ་ཡིན། བོད་གསོ་ཞེས་པའི་ཐ་སྙད་འདོགས་སྟངས་ལ་ལའང་དགག་པ་རྒྱག་རྒྱུའི་རྒྱུ་མཚན་ཇི་སྙེད་ཅིག་ཡོད་ནའང་རྗེས་སུ་ཞུ་རྒྱུ་ཡིན་”ཞེས་སོགས་གསུངས་སོང་།

རྒྱ་ནག་གིས་བོད་ཀྱི་སྨན་པ་འཇིགས་མེད་ཕུན་ཚོགས་བེད་སྤྱོད་བྱས་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་བོད་མདོ་སྨད་ཁུལ་དང་། ཐེངས་གཉིས་པ་བོད་ཀྱི་རྒྱལ་ས་ལྷ་ས། ཐེངས་གསུམ་པ་ཨ་རི་ཧར་ཝཊ་གཙུག་ལག་སློབ་གཉེར་ཁང་དུ་འཚོགས་རེད། ད་ཐེངས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་ཀྱི་ཡོད་པ་དང་། ཚོགས་འདུ་འདིའི་ཆེད་དུ་རྒྱབ་ལོགས་ནས་རྒྱ་ནག་གཞུང་གིས་འགྲོ་སོང་ཕོན་ཆེན་གཏོང་བཞིན་ཡོད་སྐོར་གྱི་གནས་ཚུལ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤ ཀློག་གྲངས།