ཨིན་ཌོ་ནེ་ཤི་ཡར་ས་ཡོམ་བརྒྱབས་ནས་ཉུང་མཐར་མི་༨༢ གྲོངས་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ རེས་གཟའ་ཉི་མའི་ཉིན་ཨིན་ཌོ་ནེ་ཤི་ཡའི་གླིང་ཕྲན་ལོམ་བྷག་(Lombok)ཏུ། ས་ཡོམ་ཤུགས་ཚད་རིམ་པ་༧ ཅན་ཞིག་གཏིང་ཚད་ཀི་ལོ་མི་ཊར་༡༠ ཡི་མཚམས་སུ་བརྒྱབས་ནས་ཉུང་མཐར་མི་༨༢ ཀྱི་ཚེ་སྲོག་ཤོར་ཡོད་ཁར། མི་བརྒྱ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཤོར་ཡོད་འདུག་པ་དང་། གནས་ཚུལ་གསལ་པོ་ཆགས་རིམ་བཞིན་ཚེ་སྲོག་ཤོར་བའི་གྲངས་ཀ་འཕར་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག་པ་མ་ཟད། ཁང་པ་སྟོང་ཚོ་མང་པོར་གནོད་སྐྱོན་ཤོར་བ་དང་། གློག་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

ད་ཐེངས་ཀྱི་ས་ཡོམ་འདི་ནི་གླིང་ཕྲན་ལོམ་བྷག་ཏུ་ཉེ་ཆར་ས་ཡོམ་བརྒྱག་པ་ཐེངས་གཉིས་པ་དེ་ཡིན་ཞིང་། ཁ་སྔོན་ཕྱི་ཟླ་༧ པའི་ཕྱི་ཚེས་༢༩ ཉིན་ས་ཡོམ་ཤུགས་ཚད་རིམ་པ་༦.༤ ཅན་ཞིག་བརྒྱབས་ནས་ཉུང་མཐར་མི་༡༦ གི་ཚེ་སྲོག་ཤོར་ཡོད་པ་རེད་འདུག

ས་ཡོམ་གྱི་ཤུགས་རྐྱེན་ཉེ་འཁྲིས་ཀྱི་གླིང་ཕྲན་གཞན་བྷ་ལི་དང་། གྷི་ལི་བཅས་སུ་བྱུང་ཡོད་འདུག་པ་དང་། ཁི་རི་སི་ཊིན་ཞེས་པ་ད་ལྟ་བྷ་ལི་རུ་གུང་སེང་དུ་ཡོད་པའི་གྱོན་ཆས་དྲིལ་བསྒྲགས་བྱེད་མཁན་ཞིག་གིས་ཁོ་རང་གི་སྤྱི་ཚོགས་དྲ་ལམ་ཊུ་ཊེར་ཐོག་ད་ནང་སྤེལ་བའི་གནས་ཚུལ་བྷི་བྷི་སི་གསར་ཁང་གིས་ལུང་འདྲེན་བྱས་པའི་ནང་། མདང་དགོང་ས་ཡོམ་ཆེན་པོ་དེ་བརྒྱབས་རྗེས་ནས་ད་བར་དུ་ས་ཡོམ་ཆུང་ཆུང་ཐེངས་བརྒྱད་ཡས་མས་ཤིག་བརྒྱབས་སོང་ཞེས་བྲིས་འདུག་པ་དང་། དེ་བཞིན་གྷི་ལི་གླིང་ཕྲན་ནས་ཡུལ་སྐོར་བ་སྟོང་ཕྲག་གཅིག་ཉེན་ཡོལ་དུ་བཏང་ཡོད་པའི་གནས་ཚུལ་ཡང་འདུག

གླིང་ཕྲན་ལོམ་བྷག་ཏུ་རྒྱུན་པར་གནས་སྡོད་བྱེད་མཁན་མི་འབོར་ས་ཡ་གསུམ་དང་བྷ་ལི་ནང་ས་ཡ་བཞི་ཡོད་འདུག་ཅིང་། ལོ་རེར་འཛམ་གླིང་ཡུལ་གྲུ་གང་ས་ནས་གླིང་ཕྲན་གྱི་མཚོ་ཁར་ཡོང་མཁན་དང་། རྐང་འགྲོས་བྱེད་མཁན་བཅས་ཁྱོན་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་རེ་ཡོད་སྐོར་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༩༦ ཀློག་གྲངས།