བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དྷེ་ར་ལྡུན་དུ་འཚོགས།

ཟླ་འདིའི་ཚེས་༦ ནས་ཉིན་ལྔ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༩ པ་དེ་དྷེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་འཚོགས་བཞིན་ཡོད་པ་རེད།

འགན་འཛིན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་ཕེབས་ནས་གསུང་བཤད་གནང་བ་དང་། གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་ནས་གསུང་བཤད་གནང་ཡོད་པ་རེད།

ཐེངས་འདིར་རྒྱ་གར་བལ་ཡུལ་ནས་ས་གནས་གཞོན་ལྷན་ཁག་༣༥ ཡི་སྐུ་ཚབ་༡༥༠ ཙམ་ཚོགས་ཞུགས་བྱས་ཡོད་པ་དང་། ཉིན་ལྔའི་རིང་གི་ཚོགས་འདུའི་བརྗོད་གཞི་གཙོ་བོ། ༧གོང་ས་མཆོག་གི་སྐུ་ཕྱྭ་སྐོར་དང་། བོད་རང་བཙན་གྱི་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན། སྤྱི་ཚོགས་ཞབས་ཞུ། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་བྱེད་ཕྱོགས། གཞོན་ལྷན་གྱི་སྒྲིག་འཛུགས་སྲ་བརྟན་གཏོང་ཕྱོགས་བཅས་ཀྱི་སྐོར་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༥ ཀློག་གྲངས།