རྒྱ་མིས་བོད་ལ་བཤམས་པའི་ཇུས་ངན་གསར་པ། བོད་རྒྱའི་གནད་དོན་ལ་ཟུར་ནས་ལྟ་མཁན་ཞིག་གི་ཟིན་བྲིས།

ཐང་ཏང་ཧུང་གིས་བརྩམས། སངས་སྐྱབས་ཀྱིས་ལོ་ཙྭ་བྱས། ཞུ་དག་པ། སད་མི།

འགོ་བརྗོད་ཀྱི་མཆན། མན་ཇུ་རྒྱལ་རབས་ཀྱི་མཇུག་ཙམ་ལ་རྒྱའི་མཁས་པ་ལ་ལས་བོད་དེ་ཉིད་མན་ཇུའམ་རྒྱ་ནག་གི་མངའ་ཁོངས་སུ་ཇི་ལྟར་འཇུག་དགོས་པའི་དཔྱད་བརྗོད་སྤེལ་བ་དེའི་མིང་དུ་བོད་ལ་ཇུས་བཤམས་པ་ཟེར། དེ་བས་སྨྱུག་འཛིན་པས་རྩོམ་ཡིག་གི་འགོ་བརྗོད་དུ་བོད་ལ་བཤམས་པའི་ཇུས་ངན་གསར་པ་ཞེས་བོས་ཡོད། འདི་ནི་བོད་ལ་ཡང་བསྐྱར་ཇུས་ངན་གསར་པ་བཤམས་པ་ཟེར་པ་དེ་ཡིན། དོན་དུ་ཇུས་གསར་རྙིང་གཉིས་ཀའི་དམིགས་ཡུལ་ནི་གཅིག་པ་སྟེ། བོད་རྒྱ་ནག་གི་མངའ་ཁོངས་སུ་འཇུག་ཐུབ་རྒྱུ་དེ་ཡིན།

སེམས་ཁམས་རིག་པའི་ཞིབ་འཇུག་པས་བདེན་དབང་གནང་བ་ལྟར་ན། ཆབ་སྲིད་ལམ་ལུགས་ཁོར་ཡུག་གིས་དེ་དང་མཚུངས་པའི་སྤྱི་ཚོགས་ཀྱི་མི་གཤིས་ལ་ཤུགས་རྐྱེན་དང་བཞེངས་སྐྲུན་གནང་གི་ཡོད་པ་དང་། སྤྱི་ཚོགས་མི་གཤིས་ཀྱིས་ཕྱིར་འཁོར་ནས་དེ་དང་མཐུན་པའི་ཆབ་སྲིད་ལམ་ལུགས་རྒྱུན་མཐུད་བྱེད་ཀྱི་ཡོད།

གཅིག  མངའ་ཁོངས་ཀྱི་ཆེད་དུ།

༡༩༩༢ ལོར་༼ཝེ་ཅིན་ཧྲིན་གྱིས་བོད་ཀྱི་གནད་དོན་ཆེད་ཏེང་ཞོ་ཕིང་ལ་སྦྲིངས་པའི་ཡི་གེ༽ཟེར་བའི་ནང་དུ།  དམངས་གཙོ་ལས་འགུལ་གྱི་མེས་པོ་སྐུ་ཞབས་ཝེ་ཅིན་ཧྲིན་ནས་བོད་ཀྱི་བདག་དབང་ཁོངས་གཏོགས་གསལ་ཆ་མེད་པ་དེ་དག་གསལ་པོར་ངོས་འཛིན་གནང་ཡོད། ཁོང་གིས་གསལ་པོར་བརྗོད་དོན། གནད་འགག་མང་པོ་ཞིག་ནས་བལྟས་ན། བོད་ནི་བདག་དབང་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པར་དོགས་པ་མེད། ཆིངས་ཡིག་དོན་ཚན་བཅུ་བདུན་ནི་བཙན་དབང་འུ་ཐུག་གིས་བཞག་པ་ཡིན་པས་རྒྱལ་སྤྱིའི་ཁྲིམས་ལྟར་ན་ནུས་མེད་ཡིན་ཟེར།

ཡིན་ཡང་ཝེ་ཅིན་ཧྲིན་གྱི་ཡི་གེ་འདིས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་ཁྱུར་མིད་བཏང་བར་སྐྱོན་བརྗོད་གནང་མེད་ལ་དེ་བཞིན་བོད་མི་དམངས་ཀྱི་རང་ཐག་རང་གཅོད་ལ་བརྩི་འཇོག་ཀྱང་གནང་མེད། དེ་ལས་ལྡོག་སྟེ་ཁོའི་ཡི་གེའི་ནང་དུ་(བོད)ཞི་བའི་བཅིངས་འགྲོལ་བྱེད་ཐབས་དེར་བཙན་དབང་འུ་ཐུག་དང་དུས་འགྱངས་དམག་ཇུས་ཀྱི་དོགས་པ་ཡོད་ན་ཡང་། ཏེང་ཞོ་ཕིང་དང་མའོ་ཙེ་ཏུང་སོགས་ཀྱིས་ཞི་བའི་བཅིངས་འགྲོལ་གདམ་གའི་གྲོས་ཐག་བཅད་པ་ནི་ཧ་ཅང་ཡང་དག་པ་ཡིན། ཝེ་ཅིན་ཧྲིན་གྱིས་ཏེང་ཞོ་ཕིང་ལ་སྐྱོན་འཛུགས་བྱེད་པ་ནི་རྒྱ་དམར་གྱིས་འུ་ཐུག་བཙན་དབང་གི་གྲོས་མོལ་རྫུན་བཟོས་བདེན་བསྒྱུར་དོན་དངོས་སུ་ལེགས་འགྲུབ་མ་བྱུང་བ་དེ་ཡིན། ཁོང་གི་སེམས་ཁྲལ་ནི་བོད་ཀྱི་གནད་དོན་གྱིས་ཁ་བྲལ་འགྲོ་རྒྱུ་སྟེ་Domino འཕོ་འགྱུར་བྱུང་ནས་ཤུགས་རྐྱེན་ཐེབས་པ་ནི་མངའ་ཁོངས་སྤྱི་ལེ་གྲུ་བཞི་མ་ས་ཡ་༡ དང་འབུམ་༢ ཙམ་མིན། ཀྲུང་ཧྭ་དར་སྤེལ་གྱི་རྒྱལ་གཅེས་བརྩེ་སེམས་ནང་དུ་མགོ་འཁོར་བའི་སྐུ་ཞབས་ཝེ་ཅིན་ཧྲིན་གྱིས་འཛེམ་ཟོན་དང་གཡོ་འགེབས་སྤུ་ཙམ་མེད་པར་རྒྱ་དམར་གྱིས་བོད་ཁྱུར་མིད་བཏང་པ་ཧ་ཅང་ཡང་དག་ཡིན་པ། དེ་མ་ཟད་བོད་རྒྱ་ནག་གི་མངའ་ཁོངས་སུ་འཇོག་ཆེད་སྐབས་དེར་བཙོན་ལ་ཚུད་པའི་རྒྱ་ནག་གི་དམངས་གཙོ་ལས་འགུལ་གྱི་མེས་པོས་ཁོ་རང་གི་རང་དབང་བཙན་འཕྲོག་བྱས་པའི་སྲིད་དབང་སྒེར་འཛིན་པར་བོད་མི་ཇི་ལྟར་མུ་མཐུད་དུ་རྒྱ་ནག་གི་བཙོན་ཁང་ཆེན་མོའི་ནང་དུ་འཇུག་དགོས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་ཇུས་རབ་དང་རིམ་པ་ཕུལ་ཡོད།

༢༠༠༨ ལོར་ཟླ་བ་༣ བའི་ཚེས་༡༤ ཉིན་ཞི་རྒོལ་ལྷ་ས་ནས་འགོ་བཙུགས་ཏེ་བོད་ཡོངས་སུ་ཁྱབ་རྗེས་སུ་བཙན་བྱོལ་སྤྱི་ཚོགས་ནང་གཞུང་གི་དབུ་མའི་ལམ་ལ་སྐྱོན་བརྗོད་དང་བོད་རང་བཙན་བསྐྱར་གསོ་བྱེད་དགོས་པ་བརྗོད་མཁན་ཇེ་མང་ནས་ཇེ་མང་རེད།

གཉིས་པ། གུང་ཁྲན་ཏང་དང་བོད་བར་གྱི་གནད་དོན།

༢༠༠༩ ལོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམངས་གཙོ་ལས་འགུལ་བའི་ཁྲོད་ཀྱི་བོད་དོན་ཞིབ་འཇུག་པ་ལྕམ་ལེ་ཅང་ལིན་ལ་ཆེད་དུ་བཅར་འདྲི་གནང་། བརྗོད་གཞི་ནི་བོད་ཀྱི་གནད་དོན་ཟེར་བ་ཇི་ལྟར་བྱུང་བ་ཡིན་ནམ་ཟེར་བ་དེ་རེད། བཅར་འདྲི་གནང་མཁན་པེ་མིན་གྱིས་འདི་ལྟར་དྲིས། རྒྱལ་སྤྱིའི་གླེང་ཕྱོགས་སུ་སྤྱིར་བཏང་བོད་ཀྱི་རྐྱེན་ངན་ཆག་སྒོ་ནི་༡༩༥༠ ལོར་རྒྱ་ནག་བཅིངས་འགྲོལ་དམག་བོད་དུ་ཡོང་། བོད་པར་བཙན་དབང་གིས་དོན་ཚན་བཅུ་བདུན་བཞག་པ་ནས་འགོ་བཙུགས་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་ན་ཅིའི་ཕྱིར་༡༩༥༩ ལོའི་རྗེས་སུ་བོད་པ་ད་གཟོད་ཁོ་ཚོའི་ཕ་ཡུལ་དང་ཁ་བྲལ་ནས་བྲོས་བྱོལ་ལ་འགྲོ་འགོ་བཙུགས་པ་རེད་དམ་ཟེར། ལྕམ་ལེ་ཅང་ལིན་གྱིས་ལན་གྱི་ནང་དུ་ཡང་དྲི་བ་བཀོད་པ་འདི་ལྟར། ཏཱ་ལའི་བླ་མ་ཅིའི་ཕྱིར་༡༩༥༩ ལོར་ཕྱིར་ཕེབས་པ་རེད་དམ།ཅི་ཕྱིར་༥༡ ལོ་ཡང་ན་༥༦ ལོ་མིན་ནམ། གནད་འགག་ནི་རང་གིས་རང་ལ་ལན་རྒྱག་རྒྱུ་དེ་ཡིན།དེ་ནི༡༩༥༩ ལོའི་ལྷ་སའི་དོན་རྐྱེན་ཤེས་དགོས་ན་ངེས་པར་དུ་༡༩༥༦ ལོའི་སི་ཁྲོན་བོད་ཁུལ་ནས་འགོ་འཛུགས་དགོས་ཟེར། དེ་རྗེས་སུ་ལྕམ་ལེ་ཅང་ལིང་གིས་པར་སྐྲུན་གནང་བའི་དཔེ་དེབ་ནང་དུ་ནུས་ཤུགས་ཡོད་རྒུས་ཀློག་མཁན་ཚོར་བོད་མིས་ཅིའི་ཕྱིར་དྲག་པོའི་གྱེན་ལངས་བྱས་པ། ཏཱ་ལའི་བླ་མ་ཅིའི་ཕྱིར་ཕྱི་ལ་ཕེབས་གནང་བ་སོགས་འགྲེལ་བཤད་དོ་སྣང་ཡོང་ཐབས་གནང་།

ལྕམ་ལེ་ཅང་ལིན་གྱིས་བཞེངས་སྐྲུན་འདོད་པའི་གཏན་ཚིགས་ནི། གལ་ཏེ་བོད་དོན་༡༩༥༡ ལོ་སྟེ་དོན་ཚན་བཅུ་བདུན་བཞག་ནས་བྱུང་བ་ཡིན་ན། ཅིའི་ཕྱིར་བོད་མིས་༡༩༥༡ ལོར་དྲག་པོའི་གྱེན་ལངས་མ་གནང་བ་རེད་དམ། ཅིའི་ཕྱིར་ཏཱ་ལའི་བླ་མ་ཕྱིར་མ་ཐོན་པ་རེད་དམ། དེ་ནི་༡༩༥༦ ལོར་རྒྱ་དམར་གྱིས་ཁམས་ཁུལ་དམངས་གཙོ་བཅོས་བསྒྱུར་སྲིད་ཇུས་ལག་བསྟར་གནང་སྟབས་ད་གཟོད་བོད་པས་དྲག་པོའི་གྱེན་ལོག་གནང་བ་དང་། མཐར་ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་བས་བོད་ཀྱི་གནད་དོན་བྱུང་བའི་དུས་ཚོད་ནི་༡༩༥༦ ཡིན། དེ་ཡང་ཡ་ང་བའི་དམངས་གཙོ་བཅོས་བསྒྱུར་གྱིས་རྐྱེན་རེད་ཟེར།

དྲག་པོའི་གྱེན་ལོག་མེད་ན་ཕྱིར་ཐོན་མེད་ཟེར་བ་ཡིས་དོན་དུ་གནད་དོན་མེད་པ་འགྲེལ་བཤད་གནང་གི་ཡོད། དྲག་པོའི་གྱེན་ལོག་གིས་ཕྱིར་ཐོན་བྱུང་བ་ཟེར་བ་ལས་བོད་ཀྱི་གནད་དོན་ནི་དཔོན་གྱིས་མནན་ནས་འབངས་ཀྱིས་རྒོལ་བ་ཟེར་བར་བསྒྲུབ་བཞིན་ཡོད། དེ་ལྟར་ཡིན་ན་དེ་སྔོན་དུ་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བ། དེ་བཞིན་ཆབ་མདོ་དམག་འཁྲུག་དང་དོན་ཚན་བཅུ་བདུན་སོགས་ནི་ཅི་ཞིག་རེད་དམ། ལྕམ་ལེ་ཅང་ལིན་གྱིས་༢༠༡༠ དང་༢༠༡༢ ལོ་སོ་སོར་དེབ་<<༡༩༥༩ ལྷ་ས>>དང་ <<ལྕགས་བྱ་གནམ་དུ་འཕུར་དུས>>ཟེར་བ་གཉིས་པར་སྐྲུན་གནང་། དེབ་དེ་གཉིས་ཀྱིས་མེད་ཐབས་མེད་པའི་རྒྱབ་ལྗོངས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་བཙན་དབང་འུ་ཐུག་གིས་ཆིངས་ཡིག་བཞག་པ་སྦས་བསྐུང་བྱས་པ་མ་ཟད། ལོ་རྒྱུས་ཐོག་མཐའ་མཚམས་མི་རིགས་ནི་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རང་སྐྱོང་ཡིན་ཟེར་བའི་དོན་དངོས་མིན་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཡིས་བརྗེ་སྤོ་བྱས་ཏེ་བོད་མི་རིགས་ཀྱིས་བོད་རྒྱལ་ཁབ་ཟེར་བའི་ངོས་འཛིན་བྱེད་པ་དེ། རྒྱ་ནག་ཁོངས་སུ་ཚད་མཐོའི་རང་སྐྱོང་གནས་སྟངས་ངོས་ལེན་ཡོད་རབས་ཁ་སྒྱུར་བྱས།

ལེ་ཅང་ལིན་གྱིས་མོའི་དེབ་ནི། རིག་པའི་གཞུང་ལུགས་དང་མཐུན་པ། བར་གནས་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད། གལ་ཏེ་དེ་ལྟར་ཡིན་ན་མ་མཐའ་ཡང་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་ལོ་རྒྱུས་རྒྱས་བཤད་རྒྱབ་ལྗོངས་སུ་བཀོད་རྗེས་ད་གཟོད་བར་གནས་ཟེར་བ་ཡིན་མོད། ལྕམ་ལེ་ཡིས་བོད་ཕྱོགས་ཀྱི་ཡིག་ཆ་བེད་སྤྱོད་གནང་བ་བདེན་པ་རེད། དཔེར་ན་<<ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད>> <<ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས>>སོགས་ནས་དྲག་པོའི་གྱེན་ལོག་དང་དམར་གསོད་སོགས་ཀྱི་དཔེ་མཚོན་བཅད་ལེན་བྱས་ཡོད། ཡིན་ཡང་ཧང་སང་བ་ནི་བོད་མིའི་དེང་རབས་ལོ་རྒྱུས་ཀྱི་དེབ་དེ་དག་ནང་གི་བོད་མིའི་ལོ་རྒྱུས་ཀྱི་ལྟ་བ། བདག་དབང་གི་ལྟ་བ། རྒྱལ་ཁབ་ངོས་འཛིན་བྱེད་སྟངས། དེ་དང་འབྲེལ་བའི་བཙན་རྒོལ་སོགས་ལྕམ་ལེ་ཡི་དེབ་ནང་དུ་ཟུར་ལྟ་ཙམ་ཡང་བྱས་མེད། རྒྱལ་ཁོངས་དང་། བདག་དབང་། རྒྱལ་ཁབ་ངོས་འཛིན་པ་བཅས་བོད་ཀྱི་གནད་དོན་གྱི་སྲོག་ཤིང་འདི་དག་ཐད་ལ། <<༡༩༥༩ ལྷ་ས>>དང <<ལྕགས་བྱ་གནམ་དུ་འཕུར་དུས>> ཟེེར་བའི་དེབ་གཉིས་ཀྱི་ནང་དུ་རྒྱ་ལུགས་ཆབ་སྲིད་ས་ཁུལ་ལྟར་དུ། ཀྲུང་ཀོའི་ལྷོ་ནུབ་དང་ནུབ་བྱང་ཞིང་ཆེན་བཞིའི་བོད་ཁུལ་(ལོ་ངོ་བཅུ་ཕྲག་འགའ་ལོ་རྒྱུས་)ཟེར་བས་བོད་མིའི་ཆབ་སྲིད་ས་ཁམས་བརྗོད་སྐབས་ཀྱི་ཁམས་དང་ཨ་མདོ་(ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད།)བརྗེ་སྤོ་བརྒྱབ། ཞིང་ཆེན་བཞིའི་བོད་ཁུལ་བོད་གཞུང་གིས་དབང་འཛིན་འོག་མེད་པ་ཟེར་བ་ཡིས་ཁམས་དང་ཨ་མདོ་བོད་གཞུང་གི་དབང་འཛིན་འོག་ཚད་མཐོ་རང་སྐྱོང་ཡིན་པ་འགེབས་སྲུང་དང་སྦས་བསྐུང་བྱས་ཡོད། སྒྲའོ་ཨར་ཕུང་(赵尔丰)གིས་ས་སྤྱོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བ། ཀྲུའུ་དང་རྫོང་བཙུགས་པ། གོ་མིན་ཏང་གིས་ཞི་ཁམས་སྟེ་ནུབ་ཁམས་ཞིང་ཆེན་བཙུགས་པ་སོགས་རྒྱ་ནག་གིས་ཕྱོགས་གཅིག་གི་ཆབ་སྲིད་དབང་ཆ་མངོན་གསལ་དུ་བརྗོད་པ་དེས་བོད་ཤར་རྒྱུད་ཁམས་ཁུལ་དུ་མན་ཇུ་རྒྱལ་རབས་ཀྱི་མཇུག་ཏུ་མན་ཇུ་གཞུང་གིས་ཁྲག་དྲི་བྲོ་བའི་བཙན་འཛུལ། དེ་བཞིན་གོ་མིན་ཏང་གཞུང་གིས་བོད་ཤར་རྒྱུད་བཙན་བཟུང་ཆེད་ཐེངས་མང་པོར་དམག་འཁྲུག་བརྒྱབ་སྟེ་ད་གཟོད་ནུབ་ཁམས་ཞིང་ཆེན་ཟེར་བ་བཟོས་པའི་རྒྱབ་ལྗོངས་སོགས་མེད་པའམ་མི་མངོན་པར་བཟོས་ཡོད།

མན་ཇུ་རྒྱལ་རབས་ཀྱི་མཇུག་ཏུ་བོད་ལ་ཇུས་བཀོད་པ་ནས་༡༩༥༡ ལོའི་བཙན་དབང་འུ་ཐུག་གི་དོན་ཚན་བཅུ་བདུན་བར་ལོ་ངོ་བརྒྱ་རིང་གི་ཁྲག་དྲི་བྲོ་བའི་བོད་ཁྱུར་མིད་བྱས་པའི་ལོ་རྒྱུས། ལོ་ངོ་བརྒྱ་ཕྲག་ནང་དུ་བོད་མིས་ཕྱི་རྒྱལ་གྱི་རྒྱ་བསྐྱེད་དང་། མི་རིགས་གཞན་གྱི་དབང་བསྒྱུར་ལ་འགོག་རྒོལ་གྱི་ལོ་རྒྱུས་སོགས་ཧ་ཅང་གི་གལ་ཆེ་བའི་ལོ་རྒྱུས་རྒྱབ་ལྗོངས་བློ་རྩེ་གཅིག་སྒྲིམ། ཞིབ་ཚགས་ངང་གཅོད་འབྲེག་དང་ཕྱིར་འབུད་བྱས་ཡོད། བོད་རྒྱལ་ཁབ་མ་ཤོར་བའི་སྔོན་གྱི་མཐའ་མཇུག་གི་འགོག་རྒོལ་ནི། ལོ་རྒྱུས་ཐོག་ཚད་མཐོའི་རང་སྐྱོང་གི་བོད་པ་ཚོས་རྒྱ་དམར་གྱི་དམངས་གཙོ་བཅོས་བསྒྱུར་སྲིད་ཇུས་འོག་དྲག་པོའི་གྱེན་ལོག་དང་། ཕྱིར་ཐོན། དེ་བཞིན་བོད་ཀྱི་གནད་དོན་དེ་དུས་བྱུང་བ་རེད་ཟེར་ནས་ཁ་བསྒྱུར་བྱས། དམངས་གཙོ་བཅོས་བསྒྱུར་ནི་བོད་ཀྱི་གནད་དོན་གྱིས་འབྱུང་ཁུངས་དང་ངོ་བོ་ཡིན། དེ་བས་བོད་ཀྱི་གནད་དོན་ནི་དོན་དམ་པར་གུང་ཁྲན་ཏང་དང་བོད་ཀྱི་གནད་དོན་ཡིན་ཟེར།

ལྕམ་ལེ་ཅང་ལིན་གྱིས་བརྗོད་པ་ལྟར་ན་མོ་ལ་ལོ་རྒྱུས་རིག་པ་ཞིབ་འཇུག་གི་ཆེད་ལས་སྦྱོང་བརྡར་ཡོད་ཟེར། གོང་ནས་གླེང་བའི་སྒྲོམ་གཞི་རང་བཞིན་གྱིས་སྦས་བསྐུང་བརྒྱབ་ཡོད་པ་མ་ཟད། དེབ་ཀྱི་དོན་ཚན་མང་པོ་ནང་དུ་ཞིབ་ཚགས་རང་བཞིན་གྱིས་ལོག་འགྲེལ་དང་ལྐོག་གྱུར་གྱིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཟེར་བ་བརྒྱུད་བསྒྲགས་གནང་གི་ཡོད་པ་དང་། བཙགས་འདེམས་རང་བཞིན་གྱིས་སྒེར་གྱི་དོན་རྐྱེན་རེ་བཀོད་ནས་བོད་པས་རྒྱ་ནག་ངོས་ལེན་བྱེད་ཀྱི་ཡོད་པ་མཚོན་ཐབས། དེ་བཞིན་རྒྱབ་ལྗོངས་ཚགས་བརྒྱབ་སྟེ་དོན་རྐྱེན་གྱི་ངོ་བོ་བསྒྱུར་པའི་འབྲི་ཐབས་བཀོད་ཡོད།《 ༡༩༥༩ ལྷ་ས་》དང་《ལྕགས་བྱ་གནམ་དུ་འཕུར་དུས་》  ཟེར་པའི་དེབ་ནང་དུ་བོད་ཕྱོགས་ཀྱི་ལོ་རྒྱུས་ཡིག་ཆ་ལས་དམར་གསོད་དོན་རྐྱེན་གྱི་དཔེ་མཚོན་བཏོགས་ལེན་དང་། དེ་བཞིན་རྒྱ་དམར་གྱི་ཡིག་ཆས་བདེན་དཔང་གིས་དམར་གསོད་བདེན་པ་བདེན་རྐྱང་ཡིན། དེ་སྒང་ལ་བོད་པའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཁེངས་པའི་སྨྱུག་རྩེ་བཏོན་ནས་རྩོམ་པ་པོའི་ཀུན་སྤྱོད་མཚན་སྙན་འབུར་ཐོན་གནང་ཡོད། བློ་ཕམ་པ་ཞིག་ནི།བདེན་པར་ཚགས་བརྒྱབ་ནས་བྲིས་པའི་ལོ་རྒྱུས་ཀྱིས་སྔོན་ལ་ཇུས་བཀོད་ཟིན་པའི་ཆབ་སྲིད་ཀྱི་མཇུག་སྡོམ་འགྲུབ་མོད། ཡིན་ཡང་ལོ་རྒྱུས་དངོས་ལ་བརྩི་འཇོག་གནང་མེད། རྒྱ་དམར་གྱི་སྲིད་ཇུས་གནད་དོན་གྱིས་བདག་དབང་གནད་དོན་གྱི་ཚབ་བྱས་པའི་གོང་གི་དེབ་དེ་གཉིས་ལ་རྒྱ་ནག་ཕྱི་ནང་གི་དམངས་གཙོ་དང་། དམངས་གཙོ་ལས་འགུལ་འདྲ་མཚུངས་ཅན་དང་རང་དབང་ཕྱོགས་ཁག་ཁྲོད་ཀློག་མཁན་མང་པོ་ཡོད། དམངས་གཙོ་ལས་འགུལ་ལྟ་གྲུབ་སྨྲ་བ་དགེ་རྒན་ཧོ་ཕེན་གྱིས་དེབ་དེར་དཔྱད་བརྗོད་བྲིས་ནས་དོ་གལ་ཆེན་པོས་ངོ་སྤྲོད་གནང་ཡོད།

རྗེས་སུ་ལྟ་ཞིབ་གནང་བ་བརྒྱུད་གཤམ་གྱི་སྐྱོན་བརྗོད་འདི་འདྲ་ཞིག་མི་བཤད་ཀ་མེད་བྱུང་། རྒྱ་དམར་གྱིས་ཞིང་བྲན་ཟེར་བའི་ཁྲག་རྫུན་མས་མགོན་སྐྱབས་ཆེན་མོར་དམར་རྩི་བྱུག་པ་དང་། དམངས་གཙོ་བསྒྱུར་བཅོས་ཤེས་ལྡན་པས་བོད་པའི་ཁྲག་ངོ་མས་བོད་ཀྱི་གནད་དོན་གྱི་འབྱུང་ཁུངས་དང་ངོ་བོར་ཁ་ལོ་བསྒྱུར། འདི་ནི་དུས་རབས་ཉེར་གཅིག་པའི་དཔེ་གཞི་ཅན་གྱི་བོད་ལ་བཤམ་པའི་ཇུས་ཏེ། བོད་ཀྱི་གནད་དོན་མི་རིགས་མང་པོའི་གཅིག་གྱུར་རྒྱལ་ཁབ་དུ་དམངས་གཙོ་བསྒྱུར་བཅོས་བྱེད་རྒྱུ་དེ་ཡིན།

གསུམ་པ། མཛའ་མཐུན་གྱི་ཟམ་པ།

༢༠༡༠ ལོའི་ཟླ་བ་༣ པའི་ནང་དུ་ཀྲུང་ཀོའི་གཞོན་ནུ་ཐེབས་རྩ་ཚོགས་པ་ཟེར་བའི་གཙོ་འཛིན། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སློབ་མ་ཁོན་ལིན་ཤེ་ཡིས་བཀོད་སྒྲིག་འོག་རྒྱ་ནག་གི་སློབ་ཕྲུག་༥༠ དང་བོད་ཀྱི་སློབ་ཕྲུག་༤༠ ལྷག་གིས་ཨ་རི་ཉིའུ་ཡོག་ཏུ་མཛའ་མཐུན་གྱི་ཟམ་པ་བོད་རྒྱ་སློབ་མའི་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཐེངས་དང་པོ་འཚོགས། བཀོད་སྒྲིག་པས་བརྗོད་པ་ལྟར་ན། ཚོགས་འདུ་ལ་རྒྱ་ནག་དང་རྒྱ་བོད་མི་རིགས་ཕྱོགས་གཉིས་ནས་རྒྱབ་སྐྱོར་ཐོབ་ཡོད་ཟེར། གདན་འདྲེན་གནང་བ་མ་ཟད་ཚོགས་བཅར་གནང་རྒྱུ་ཡིན་པའི་མཁས་པ་ནི་ཨ་རི་སློབ་ཆེན་ཁག་གི་མཁས་པ་དང་། རྒྱ་ནག་ནས་ཕེབས་པའི་སྐད་གྲགས་ཅན་གྱི་མཁས་པ་དང་དཔོན་པོ་སོགས་ཡོད། པེན་ཅིན་གྱི་དཔྱིད་ཀ་ཟེར་བའི་དུས་དེབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉིའུ་ཡོག་ཏུ་གནས་སྡོད་རྒྱ་ནག་གི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་དོན་གཅོད་པ་འགའ་དང་བོད་ཀྱི་དོན་གཅོད་ཁང་གི་ལས་བྱེད་སོགས་ཀྱིས་ད་ཐེངས་ཀྱི་བསམ་ཚུལ་བརྗོད་རེས་ཀྱི་ལས་འགུལ་ལ་གཟེངས་བསྟོད་སྐུལ་འདེད། བསམ་འཆར་དང་རོགས་པ་གནང་ཡོད་ཟེར།

ལྕམ་ལེ་ཅང་ལིན་གྱིས་གཏམ་བཤད་མདོར་བསྡུས་ནི། ༡༩༥༦ ལོར་ནས་བྱུང་བའི་དམངས་གཙོ་བཅོས་བསྒྱུར། ཆོས་ལུགས་བཅོས་བསྒྱུར་གྱིས་བོད་མི་རིགས་ལ་དཀའ་སྡུག་ཧ་ཅང་ཆེན་པོ་བཟོས་ཡོད། རྒྱལ་ཁབ་ཀྱི་རྨ་ཁ་ནད་བཅོས་དགོས་ན་ཐོག་མར་རྒྱ་མིས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དགོས། མོའི་བསམ་པར་བོད་མི་རིགས་ཀྱིས་རྒྱ་མིའི་དགོངས་སེལ་ངོས་ལེན་གནང་གི་རེད། དེ་མ་ཟད་རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་གནང་བའི་རང་སྐྱོང་སྒྲོམ་གཞི་འོག་མི་རིགས་མཐུན་སྒྲིལ་ཆེན་མོ་ནང་འདྲེས་པར་ཤོག་ཟེར།

དམངས་གཙོའི་ཆབ་སྲིད་མཁས་པ་ཝང་ཐན་ཁྲིན་གྱིས་བོད་རྒྱ་སློབ་ཕྲུག་ཚོར་དམངས་གཙོའི་བྱེད་སྟངས་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་ཟེར་བའི་བརྗོད་གཞི་ཐོག་གཏམ་བཤད་གནང་ཡོད། གནས་ཚུལ་བཀོད་པའི་ནང་ལྟར་ན་དམངས་གཙོའི་བྱེད་སྟངས་དེ་ནི་མ་འོངས་པར་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་རྒྱ་ནག་ཡིན། སྐུ་ཞབས་ཝང་ཐན་ཁྲིན་གྱིས་ཏཱ་ལའི་བླ་མས་རང་སྐྱོང་ལས་རང་བཙན་ནམ་ཡང་མི་རྩོད་པའི་ལམ་དབུ་མ་ལ་བསྔགས་བརྗོད་དང་། ཁོའི་བསམ་ཚུལ་ལ་རྒྱ་མིས་ངེས་པར་དུ་བོད་མི་རིགས་ཀྱི་རང་དབང་གིས་རང་ཉིད་ཀྱི་འཚོ་བ་བཀོད་སྒྲིག་གནང་རྒྱུའི་རེ་བ་ལ་བསམ་ཤེས་དང་གུས་བརྩི་བྱེད་དགོས། དེ་དང་མཉམ་དུ་བོད་མིའི་ངོས་ནས་ཀྱང་། རྒྱ་མིས་ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་དང་རྒྱ་ཆེ་བའི་མངའ་ཁོངས་རྒྱུན་འཛིན་བྱེད་དགོས་པའི་རྒྱལ་ཁབ་ཆེན་མོའི་བརྩེ་སེམས་ལ་བསམ་ཤེས་བྱེད་དགོས། རྒྱ་ནག་གིས་འགྲོ་སོང་ཡོད་ཚད་ལ་འཛེམ་མེད་ཀྱིས་བོད་རང་བཙན་ལ་བཀག་འགོག་བྱེད། དམངས་གཙོའི་ཆབ་སྲིད་མཁས་པ་དེས་བརྗོད་དོན། བཙན་བྱོལ་གཞུང་གི་ལམ་དབུ་མའི་སྲིད་ཇུས་སུ་བཏོན་པའི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཆབ་སྲིད་འཛིན་སྐྱོང་གཅིག་གི་འོག་་་་་་་་རང་སྐྱོང་གི་སྒྲིག་འཛུགས་ནས་བོད་ཁུལ་ཏེ་བོད་ཆེན་པོར་དོ་དམ་བྱེད་རྒྱུ་ནི་ཡོང་མི་སྲིད་པ་རེད། དེས་དམངས་གཙོ་བསྒྱུར་བཅོས་རྙོག་འཛིང་ཅན་དང་། རྒྱ་མིས་བོད་རང་བཙན་བྱེད་པར་བློ་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་ཟེར།

དེ་བས་རྒྱ་ནག་གིས་འགྲོ་སོང་ཡོད་ཚད་ལ་འཛེམ་མེད་ཀྱིས་བོད་རང་བཙན་ལ་བཀག་འགོག་བྱེད་པ། བོད་ཆེན་པོ་ཡོང་མི་སྲིད་པ། གོང་གི་འདི་གཉིས་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ཡིན་པ་མ་ཟད། དམངས་གཙོ་དགོས་ལ། རྒྱལ་ཁབ་ཆེན་པོ་གཅིག་གྱུར་ཡང་དགོས་པ་རྒྱ་མིའི་ལངས་ཕྱོགས་ཀྱང་ཡིན། དམངས་གཙོ་དང་གཅིག་གྱུར་ཆེན་པོ་གཉིས་ཆ་དགོས་པའི་རྒྱ་མི་ནི་དམངས་གཙོ་བསྒྱུར་བཅོས་ཤེས་ལྡན་པ་ཚོར་རྒྱབ་སྐྱོབ་བྱེད་མཁན་ཆེ་ཤོས་དེ་ཡིན། ཆབས་ཅིག་ཏུ་ལམ་དབུ་མར་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་ཡང་ཡིན། རང་བཙན་མི་བྱེད་པར་རྒྱབ་སྐྱོབ་དང་། བོད་ཆོལ་ཁ་གསུམ་གཅིག་གྱུར་ལ་ངོ་རྒོལ། རང་དབང་གི་རེ་འདུན་ལ་གུས་བརྩི་དང་བསམ་ཤེས། དེ་བཞིན་ནུས་ཤུགས་ཡོད་ཚད་ཀྱིས་རང་དབང་ལ་ངོ་རྒོལ་བྱེད། གལ་ཏེ་རང་དབང་ཟེར་བའི་བརྗོད་འདོད་རང་བཙན་ཡིན་ན།

ཡིན་ཡང་། གལ་ཏེ་དམངས་གཙོ་རང་དབང་དགོས་ལ་རྒྱལ་ཁབ་ཆེན་པོའི་གཅིག་གྱུར་ཡང་དགོས་པའི་རྒྱ་མི་ལ་རྒྱུས་ལོན་བྱེད་དགོས་ན། ཕལ་ཆེར་ལོ་ངོ་བརྒྱའི་སྔོན་གྱི་ལུགས་བསྒྱུར་དུས་སྐབས་སུ་ཡར་འདེད་བྱེད་དགོས། མན་ཇུའི་བཙན་རྒྱལ་རྒྱལ་ཁབ་ཀྱི་བསྒྱུར་བཅོས་ཇུས་འགོད་བྱེད་མཁན་གྱི་ཤེས་ལྡན་མཁས་མཆོག་ཚོས་ཞིང་ཆེན་བཅོ་བརྒྱད་ཀྱི་རྒྱ་ནག་དང་མི་རིགས་མང་པོའི་རྒྱ་ནག་བར་རྩོད་གླེང་རྫོགས་མཐའ་མེད་པ་བྱེད་སྐབས་སུ་ལང་ཆི་ཁྲོལ་གྱིས་ཙི་ན་བ་ཚོར་རྒྱལ་གཅེས་བསམ་བློ་མེད་པ་དང་། དུམ་བུར་ཕྱེས་ན་ཉེན་ཁ་ཡོད་པ། བདག་དབང་དང་མངའ་ཁོངས་ལ་བློ་བཀོད་བྱེད་པ། ཀྲུང་ཧྭ་མི་རིགས་གསར་གཏོད། བོད་ལ་ཇུས་སྣ་ཚོགས་བཤམ་པ། ཁེ་ཕན་རུ་ཚོགས་ཀྱིས་ཁམས་ཁུལ་བཙན་མཛུལ་རྒྱ་སྐྱེད་དང་ཀླ་ཀློ་བ་ཚོ་གཞན་འགྱུར་བྱེད་པ། བཀའ་རྒྱ་ནང་སྦྱར་མ་སྟེ་སྒྲིག་གཞི་ནང་གི་རང་ཕྱོགས་ནུས་ཤུགས་སོགས་རུབ་བསྡུས། སྐད་ཆའི་དབང་ཆ་གསོག་བསྒྲུབ། དམག་ཤེད་ཅན་འཚར་ལོངས་བྱེད་བཞིན་པ། མི་རིགས་རིང་ལུགས་གསོ་སྐྱོང་གི་འདབ་ལག་རྒྱས། བྲན་གཡོག་གི་ལམ་ག་རྒྱ་ཆེར་བཟོ་བཞིན་ཡོད་པ་བཅས་སོ།།

ཟླ་བ་གཉིས་ཀྱི་རྗེས་སུ་ཀྲུང་གོའི་གཞོན་ནུ་ཐེབས་རྩ་ཚོགས་པས་ཉིའུ་ཡོག་ཏུ་མཛའ་མཐུན་གྱི་ཟམ་པ་བོད་རྒྱ་སློབ་མའི་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཚོགས། ཏཱ་ལའི་བླ་མ་གདན་ཞུ་ལྟར་ཕེབས་ནས་ཚོགས་ཞུགས་པ་དང་ལྷན་དུ་བཀའ་མོལ་གནང་། པའོ་ཤུན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། ཚོགས་བཅར་གནང་པའི་མཁས་པའི་ཁྲོད་རྒྱ་ནག་ནང་གི་མཐོ་རིམ་སློབ་གྲྭའི་བོད་རིག་པའི་མཁས་པ། རྒྱ་ནག་གཞུང་གི་དཔོན་རིགས་སོགས་་་་་་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་བའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ཀྱི་འཕེལ་རྒྱས། འཛུགས་སྐྲུན་དང་མ་འོངས་པའི་སྐོར་ལ་གཏམ་བཤད་གནང་ཡོད། གཞན་ཚོགས་འདུ་བཀོད་སྒྲིག་པ་ཁོན་ལིན་ཤེ་ཡིས་ངོ་སྤྲོད་གནང་བ་ལྟར་ན། ཚོགས་འདུ་འདི་གྲ་སྒྲིག་གནང་བའི་བརྒྱུད་རིམ་ནང་དུ་ང་ཚོ་དང་ཉིའུ་ཡོག་ཏུ་ཡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་དོན་གཅོད་པ་འགའ་དང་ལྷན་དུ་ཐེངས་ཁ་ཤས་ལ་འཛུགས་སྐྲུན་རང་བཞིན་ལྡན་པའི་བཀའ་མོལ་གནང་ཡོད་ཟེར།

རྒྱ་ནག་བཅོས་བསྒྱུར་དུས་དེབ་ཁང་གི་ཧྲེ་ཀྲང་(གཙོ་འཛིན)ཟུར་པ། སྐབས་དེར་གནམ་འོག་གི་གཏམ་གླེང་རིག་གནས་བརྒྱུད་ལམ་ཟེར་བའི་ཞིབ་འཇུག་པ་ལེ་ཝེ་ཏང་གི་གཏམ་བཤད་སྐབས་བརྗོད་དོན། གལ་ཏེ་ཏཱ་ལའི་བླ་མ་གཤེགས་པ་ཡིན་ན་ཁོང་གི་ཡང་སྲིད་གནད་དོན་གྱིས་བོད་རྒྱའི་འབྲེལ་བ་ལ་མངོན་མེད་ཀྱི་རྐྱེན་ངན་ཧ་ཅང་ཆེན་པོ་སྐྲུན་རྒྱུ་རེད་ཟེར། མ་རེད། དོན་དམ་པའི་བཤད་ན་རྒྱ་མི་མང་ཆེ་བས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་མི་ཤེས་པ་རེད་ལ་དོ་སྣང་ཡང་བྱེད་ཀྱི་མེད། ཏཱ་ལའི་བླ་མ་ཡང་སྲིད་༡༤ འཁྲུངས་པ་རེད། ནམ་ཡང་བོད་རྒྱའི་འབྲེལ་བའི་རྐྱེན་ངན་དུ་གྱུར་མེད། རྒྱ་དམར་དང་དེ་བཞིན་མ་འོངས་པར་རྒྱ་མིས་བོད་ལ་དབང་བསྒྱུར་ཁྲིམས་མཐུན་ཡིན་མིན་གྱི་སེམས་ཁྲལ་དང་སྡུག་བསྔལ་ཡིན། རྒྱུ་མཚན་ནི། བོད་མི་དམངས་ལ་མཚོན་ན་ཏཱ་ལའི་བླ་མ་ནི་ཆོས་སྲིད་གཉིས་ཀྱི་ཐོག་བླ་ན་མེད་པ་ཡིན།མི་དམངས་ཀྱིས་ངོས་ལེན་བྱེད། འདི་ནི་ཏཱ་ལའི་བླ་མ་དང་བོད་གཞུང་ཁྲིམས་མཐུན་རང་བཞིན་གྱི་དོན་དམ་པའི་འབྱུང་ཁུངས་ཡིན་པ་མ་ཟད་ལོ་ངོ་སུམ་བརྒྱ་ལྷག་སོང་ཡོད། ཡང་གཅིག་བཤད་ན་འདི་ནི་རྒྱ་ནག་གི་བོད་ལ་དབང་བསྒྱུར་བྱེད་པ་ཁྲིམས་མཐུན་མིན་པ་བདེན་དབང་བྱས་པ་རེད།

ཚོགས་འདུ་དེའི་ནང་མི་རིགས་གནད་དོན་དཔྱད་བརྗོད་པའི་ངོ་བོ་ཐོག་གཏམ་བཤད་གནང་མཁན་སྐུ་ཞབས་ལེ་ཝེ་ཏང་ནི་མཁས་པ་ཡིན་ལ་རྒྱ་ནག་གཞུང་གི་སྒྲིག་གཞི་ནང་གི་དཔོན་པོའི་ངོ་བོ་ཡང་ཡོད། ལེ་ཝེ་ཏང་གིས་ཏཱ་ལའི་བླ་མར་ཆབ་སྲིད་ནས་ཕྱིར་ཐོན་དང་། ཆོས་ལུགས་དབུ་ཁྲིད་ཁོ་ནའི་ཐོག་རྒྱ་དམར་དང་མཐུན་ཐབས་མ་ཟད་གྲོས་མོལ་ཡང་བསྐྱར་འགོ་འཛུགས་་་་་་རྡ་རམ་ས་ལ་(བོད་གཞུང་)ཡི་ཆབ་སྲིད་ལས་དོན་དང་འབྲེལ་བ་རྩ་བཅད་བྱས་པ་ཡོངས་བསྒྲགས། དེ་ནས་བོད་ཁུལ་གྱི་ཆོས་ལུགས་དབུ་ཁྲིད་ཀྱི་གོ་གནས་བསྐྱར་གསོ་འཚོལ་ཐབས་བྱེད་དགོས། དེ་ནས་སེམས་གཅིག་བློ་གཅིག་གིས་ཡང་བསྐྱར་ཆོས་ལུགས་ལས་དོན་དོ་དམ་བློ་རྩེ་གཅིག་སྒྲིམ་གྱི་གནང་ན་(བོད་དོན་གྱི་)མདུད་ནག་འདི་གྲོལ་བར་ཕན་ཐོགས་ཆེན་པོ་ཡོད་ཟེར་པའི་བསམ་འཆར་བཏོན།

ཆོས་ལུགས་དབུ་ཁྲིད་ལ་བོད་པའི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་ནི་ཁྱད་ཆོས་ཤིག་ཡིན། དེ་བས་རྒྱ་དམར་གྱིས་བོད་བཙན་བཟུང་གནང་བ་ནས་འགོ་བཙུགས་ཏེ་ས་ཁུལ་ཁག་གི་བླ་ཆེན་སྤྲུལ་སྐུ་སོགས་བེད་སྤྱོད་ཀྱིས་ཆབ་སྲིད་ལ་ཁ་ལོ་བསྒྱུར་གྱི་ཡོད། རྒྱ་དམར་ལ་མཚོན་ན། ཏཱ་ལའི་བླ་མས་གལ་ཏེ་ཆབ་སྲིད་ཀྱི་དབང་ཆ་དོར་བ་ཡིན་ན་བོད་པས་ངོས་འཛིན་གནང་བཞིན་པའི་བླ་ན་མེད་པའི་ཆེས་མཐོའི་དབང་འཛིན་པ་སྟོང་པ་ཆགས་པ་རེད། ཆོས་ལུགས་ཀྱི་ཆེ་མཐོའི་དབུ་ཁྲིད་གནང་བ་ཡིན་ན་ཏཱ་ལའི་བླ་མས་བོད་ཀྱི་དམངས་སེམས་གཏན་འཇགས་དང་ལེགས་སྒྲིག་བྱེད་ཐུབ། རྒྱ་དམར་དབུས་གཞུང་གིས་ཆོག་མཆན་གནང་བའི་ཏཱ་ལའི་རུ་ཁག་དང་ཕྱི་བྲོས་བོད་མི་ཕྱིར་ལོག་བརྩོན་ལེན་གྱི་གནད་དོན་དང་འབྲེལ་བའི་དགོངས་སྐོར་སྙན་ཞུ་ཟེར་བའི་ནང་དུ་སྙན་ཞུའི་བསམ་འཆར་ནི། ད་ལྟའི་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་དང་འཐབ་རྩོད་ཀྱིས་དགོས་མཁོ་ལྟར་ན། ཏཱ་ལའི་རུ་ཁག་ཕྱིར་མེས་རྒྱལ་དུ་ལོག་པར་བརྩོན་ལེན་གནང་ན་ང་ཚོར་ཕན་པ་ཡོད། ཏཱ་ལའི་ལས་དོན་ང་ཚོས་དམིགས་བསལ་གཙིགས་སུ་འཛིན་དགོས། ཁོང་ཕྱིར་མེས་རྒྱལ་དུ་ལོག་འདོད་ཡོད་ན་ང་ཚོས་ཆོས་ལུགས་དབུ་ཁྲིད་དུ་ངོས་འཛིན་བྱས་ཆོག འདིས་བོད་གཏན་འཇགས། ལྷོ་ནུབ་མཐའ་མཚམས་སྲ་བརྟན། མེས་རྒྱལ་གཅིག་གྱུར་སྲ་བརྟན་ལ་རིན་ཐང་ཆེན་པོ་ཡོད་ཅེས་བཀོད་ཡོད།

མཛའ་མཐུན་ཟམ་པའི་ཚོགས་འདུ་དེའི་ཐོག་ཏཱ་ལའི་བླ་མས་གསུང་དོན། རྒྱ་ནག་གཞུང་གིས་ལྷག་བསམ་རྣམ་དག་དང་དོན་དངོས་སུ་བོད་མིར་རང་སྐྱོང་ལག་བསྟར་དང་། བོད་མིའི་རིག་གནས་ལ་བརྩི་འཇོག་ཡོད་པའི་ཆ་རྐྱེན་འོག་ད་གཟོད་བོད་ལ་ཕྱིར་ཕེབས་པར་ཐུགས་དགོངས་བཞེས་རྒྱུ་ཡིན་ཟེར།

ང་ཚོས་མཛའ་མཐུན་ཟམ་པ་བོད་རྒྱ་སློབ་མའི་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཐེངས་གཉིས་ལ་ཕྱིར་དྲན་རེ་བྱས་ན་ཕྱི་རྒྱལ་དུ་ཡོད་པའི་དམངས་གཙོ་ལས་འགུལ་གྱི་མཁས་པ་ཚོའི་བཤད་སྟངས་ལ་གོ་རྒྱུ་ཆེན་པོ་ཡོད།

རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་གནང་བའི་རང་སྐྱོང་སྒྲོམ་གཞི་འོག་མི་རིགས་མཐུན་སྒྲིལ་ཆེན་མོ་ནང་འདྲེས་པར་ཤོག་དང་། རྒྱ་ནག་གིས་འགྲོ་སོང་ཡོད་ཚད་ལ་འཛེམ་མེད་ཀྱིས་བོད་རང་བཙན་ལ་བཀག་འགོག་བྱེད། བོད་ཆེན་པོར་དོ་དམ་བྱེད་རྒྱུ་ནི་ཡོང་མི་སྲིད་པ། རྡ་རམ་ས་ལ་(བོད་གཞུང་)ཡི་ཆབ་སྲིད་ལས་དོན་དང་འབྲེལ་བ་རྩ་བཅད། བོད་ཁུལ་གྱི་ཆོས་ལུགས་དབུ་ཁྲིད་ཀྱི་གོ་གནས་བསྐྱར་གསོ་འཚོལ་ཐབས་བྱེད་དགོས་སོགས་ཟེར། ལེ་ཅང་ལིན་ནི་དམངས་གཙོ་ལས་འགུལ་ཁ་འཁྱེར་བའི་ཁྲོད་ན་བོད་དོན་མཁས་པ་ཡིན་ཟེར། དམངས་གཙོའི་ཆབ་སྲིད་མཁས་པ་ཝང་ཐན་ཁྲིན་ནི་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ཞིབ་འཇུག་ཁང་གི་གཙོ་འཛིན་ཡིན། རྒྱ་ནག་བཅོས་བསྒྱུར་དུས་དེབ་ཁང་གི་གཙོ་འཛིན་ཟུར་པ་ལེ་ཝེ་ཏུང་ནི་ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་གཙིགས་སུ་འཛིན་པའི་རྒྱ་ནག་ཐབས་ཇུས་དབྱེ་ཞིབ་དུས་དེབ་ཁང་གི་གཙོ་འཛིན་ཡིན།

༡༩༦༢ ལོར་པར་སྐྲུན་གནང་བའི་རང་རྣམ<<ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང>>དུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད། རྒྱ་མིས་ཁོ་བོའི་སྲིད་དོན་འགོ་འཁྲིད་ཀྱི་ནུས་ཤུགས་ཆུང་དུ་གཏོང་ཐབས་ངོ་ལྐོག་གཉིས་ནས་བྱེད་ཀྱི་ཡོད་པ་དང་དུས་མཚུངས་པས། མི་མང་གིས་དྲག་རྒོལ་མེད་པར་འགོག་རྐྱེན་ཇི་ཙམ་བྱས་པ་དེས་མི་མང་གིས་ཕྲན་ལ་གུས་བརྩི་བྱེད་པ་མེད་པ་བཟོ་རྒྱུའི་རྒྱ་མིའི་ལས་དོན་གྱི་གྲོགས་ཕན་དུ་འགྲོ་བའང་ཡོང་ཉེན་ཡོད། འོན་ཏེ། མི་མང་ནས་ཕྲན་ལ་སྲིད་ཀྱི་འགོ་ཁྲིད་དུ་གུས་བརྩི་མེད་ན་ཡང་། གལ་ཆེའི་ཆོས་ཀྱི་འགོ་འཁྲིད་ཡིན་པའི་དད་གུས་ནི་བརླག་ཐབས་མེད། སྲིད་ཕྱོགས་ཀྱི་འགོ་འཁྲིད་མི་གཞན་ལ་ཚབ་བསྐོས་པའམ། སྲིད་དོན་བཞག་རུང་འགྲིག་ཀྱང་། ཏཱ་ལའི་བླ་མས་ཆོས་ཀྱི་འགོ་ཁྲིད་བྱེད་པ་དེ་ཞོག་རྒྱུའི་མནོ་བསམ་འཁོར་མི་ཐུབ་པ་རེད།

དེར་བརྟེན་བོད་བསྟན་འགྲོའི་ཁེ་ཕན་ཆེ་ཤོས་འབྱུང་བ་དང་། ཆོས་ཕྱོགས་འགོ་ཁྲིད་གནས་སྟངས་ལ་གནོད་སྐྱོན་མི་འབྱུང་ཆེད་སྲིད་དོན་གྱི་ནང་ནས་ཐོན་ན་སྙམ་ཞེས་གསུངས།

ཏཱ་ལའི་བླ་མར་ཆོས་སྲིད་སོ་སོར་དབྱེ་བ་འབྱེད་དགོས་པར་ཡིད་ཆེས་ཡོད། བོད་མི་དམངས་རང་ཉིད་ཀྱིས་ལས་འགན་ཆ་ཚང་ཁུར་ནས་རང་ཉིད་ཀྱི་དབུ་ཁྲིད་འདེམས་ཐུབ། དྷ་རམ་ས་ལའི་གསུམ་བཅུ་དུས་དྲན་༥༢ ཐོག་ཏཱ་ལའི་བླ་མས་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར་བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་སྒོ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་བྱེད་ཐུབ་དགོས་པ་དངོས་སུ་ཁྱབ་བསྒྲགས་གནང་། ཏཱ་ལའི་བླ་མས་མཚན་རྟགས་བཀོད་པའི་ཆབ་སྲིད་ཁྲིམས་དོན་གྲོས་གཞི་ནི་བཅའ་ཁྲིམས་བཅོས་བསྒྱུར་ཡིན། དེའི་ནང་དུ་རང་ཉིད་ཀྱི་ཆབ་སྲིད་གོ་གནས་དང་དབང་ཆ་དངོས་སུ་དོར་བ་ཡིན། བོད་དོན་ལས་འགུལ་གྱི་དམངས་གཙོ་སྒྲོམ་གཞི་ཤུགས་ཆེ་རུ་གཏོང་ཆེད་འདི་ལྟར་གནང་ན་ཁོང་གི་རྗེས་སུ་བོད་དོན་ལས་འགུལ་མུ་མཐུད་དུ་མདུན་སྐྱོད་བྱེད་ཐུབ་པས་ཡིན།

བཞི་པ། དམངས་གཙོ་བསྒྱུར་བཅོས།

༢༠༡༤ ལོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་མཚན་ཉིད་རིག་པ་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ། དམངས་གཙོའི་ཆབ་སྲིད་མཁས་པ་སྐུ་ཞབས་ཀྲང་པའོ་ཧྲུའུ་ལ་ཨ་རི་དམངས་གཙོ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་འོག <<རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན>> ཟེར་བའི་དེབ་པར་སྐྲུན་བྱས་པ་རེད། བརྗོད་བྱ་གལ་ཆེ་ཁག་ཨ་རི་དམངས་གཙོ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་གནང་བའི་དམངས་གཙོའི་རྒྱ་ནག་ཟེར་བའི་དྲ་རྒྱ་ཐོག་མུ་འགོད་གནང་ཡོད། དེབ་དེའི་སྒྲོམ་གཞི་གཙོ་བོ་ནི། ལོ་རྒྱུས་ཐོག་བོད་རྒྱ་ནག་གི་མངའ་འོག་ཡིན། དེ་བས་སྔར་ཡོད་མངའ་ཁོངས་ཆ་ཚང་བ་ཁ་བྲལ་གྱི་དམིགས་ཡུལ་ཡིན་པའི་མི་རིགས་རང་ཐག་རང་གཅོད་རྒྱ་ནག་གིས་ངོས་ལེན་མི་བྱེད། མ་འོངས་པར་དམངས་གཙོར་བསྒྱུར་བཅོས་བྱས་ཟིན་རྗེས་ཀྱི་རྒྱ་ནག་གསར་པར་སྒེར་གཅོད་མཇུག་གྲུབ་པས་མི་རིགས་རང་ཐག་རང་གཅོད་དགོས་པ་མེད། རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཀྱི་ཁྲིམས་མཐུན་རང་བཞིན་བོད་དང་ཤར་ཏུར་ཁི་སི་ཐན་མ་ཤོར་བའི་རྨང་གཞི་ཐོག་བསྐྲུན་ཡོད་པ་སོགས་ཡིན།

རྩོམ་པ་པོས་དེབ་དེ་འགོ་འཛུགས་གནང་བ་ནས་བོད་ཀྱི་གནད་དོན་ལ་སྒྲོམ་གཞི་བཟོས་པ་ནི། དང་པོ། བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན། དེ་ནི་རྒྱ་དམར་གྱི་སྲིད་ཇུས་དེ་ཆོས་དད་རང་མོས་ལ་དམ་དྲག གཉིས་པ། ལམ་ལུགས་ཀྱི་གནད་དོན། གསུམ་པ། བོད་རྒྱ་གཉིས་ཀྱི་འདས་པའི་ལོ་ངོ་བརྒྱ་ཕྲག་ནང་པེ་ཅིན་དང་ལྷ་སའི་འབྲེལ་བ་ལ་གོ་བ་ལེན་སྟངས་ཐ་དད། བཞི་པ། བོད་དོན་སེལ་ན་མ་འོངས་པའི་རྒྱ་ནག་མི་རིགས་མང་པོ་གཅིག་གྱུར་རྒྱལ་ཁབ་ཀྱི་མི་རིགས་བར་གྱི་འབྲེལ་བ་ལེགས་སྦྱོར་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྐྱར་སྒྲིག་བྱེད་པར་ཕན་པ་ཡོད་སོགས་བརྗོད་ཡོད།

དང་པོ་དང་གཉིས་པས་འགྲོ་བ་མིའི་ཐོབ་ཐང་དང་ལམ་ལུགས་སམ་སྒྲིག་གཞི་ཡི་གནད་དོན་གཞིར་བཞག་གིས་གུང་བོད་གནད་དོན་མཁས་པ་ལྕམ་ལེ་ཅང་ལིན་གྱི<<༡༩༥༩ལྷ་ས>> དང<<ལྕགས་བྱ་གནམ་དུ་འཕུར་དུས>>ཟེར་བའི་དེབ་གཉིས་དབང་གྲགས་ཅན་དུ་གཞི་འཛིན་ས་བྱས་ཏེ། ༡༩༥༩ ལོར་བོད་མིའི་ངོ་ལོག་ཟིང་འཁྲུག་ཟེར་བ་བྱུང་བའི་རྐྱེན་ངོ་མ་རྒྱ་དམར་གྱི་འདུ་ཤེས་འཛིན་སྟངས། སྲིད་ཇུས་དང་སྒེར་གཅོད་ལམ་ལུགས་ཡིན་ཟེར། ཁོས་སྣེ་འདྲེན་གནང་བའི་མཇུག་སྡོམ་ནི། རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ལ(རྒྱ་ནག་གཞུང་གི) སྒྲིག་གཞི་ཕྱི་ནང་གི་ཞི་འཇམ་སྟོབས་ཤུགས་ཀྱིས་གཙོ་ཁྲིད་འོག་རྒྱལ་ཁ་ཐོབ་་་་་་་་་སྐབས་དེར་མི་རིགས་རང་ཐག་རང་གཅོད་དགོས་དོན་མེད། རྒྱུ་མཚན་ནི། སྲིད་དབང་སྒེར་གཅོད་མཇུག་གྲུབ་པས་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཐོབ་ཐང་(སྒེར་གྱི་ཐོབ་ཐང་དང་ཐུན་མོང་གི་ཐོབ་ཐང་)ལ་དམངས་གཙོ་ཆབ་སྲིད་ལམ་ལུགས་གསར་པས་ལམ་ལུགས་རང་བཞིན་གྱི་འགན་ལེན་བྱེད། (རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན་ཟེར་བའི་ལེའུ་བཅུ་གཉིས་པར་གསལ།)

གསུམ་པའི་ནང་། སྐུ་ཞབས་ཀྲང་པོ་ཧྲུའུ་ཡིས་རྒྱ་དམར་གྱི་ཀྲུང་ཀོའི་བོད་ས་གནས་ལོ་རྒྱུས་ཟེར་བའི་དྲིལ་བསྒྲགས་རྒྱུ་ཆ་ལུང་འདྲེན་གནང་དེ་རྒྱས་བཤད་གནང་བ་ནི། བོད་ཡོན་རྒྱལ་རབས་ནས་རྒྱ་ནག་(ཡུལ་དབུས་སམ་ཀྲུང་ཀོའི་ས་ཁུལ)གི་མངའ་འོག་ཡིན། ལྕགས་ཕག་ལོའི་རྗེས་སུ་བོད་རང་བཙན་ཁྱབ་བསྒྲགས་གནང་བར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ངོས་ལེན་གནང་མེད། ༡༩༤༩ ལོར་རྒྱ་དམར་གྱིས་སྲིད་དབང་བཙུགས་རྗེས་བོད་བཙན་བཟུང་བྱས་པ་དེ་ནི་བཙན་འཛུལ་མིན་པར་བདག་དབང་ལག་བསྟར་ཡིན། མ་འོངས་པར་རྒྱ་ནག་དམངས་གཙོར་བསྒྱུར་བཅོས་གནང་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་༡༥༡༤ ནང་དུ་ཚད་འཛིན་དོན་ཚན་ཡོད་པ་སྟེ། རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཤས་སམ་ཆ་ཚང་གཏོར་བརླག་བྱེད་པའི་དམིགས་ཡུལ་གྱི་རེ་ངན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་གཞི། རྩ་དོན་དང་མཐུན་ཐབས་མེད་པས་བོད་པར་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་མེད་ཟེར།

སྐུ་ཞབས་ཀྲང་པོ་ཧྲུའུ་ཡི་བསམ་པར་བོད་ཀྱི་གནད་དོན་ནི་བོད་རྒྱ་གཉིས་ཀྱིས་པེ་ཅིན་དང་ལྷ་སའི་འབྲེལ་བར་གོ་བ་ལེན་སྟངས་ཐ་དད་ཡིན་པས་རེད་ཟེར། ཡིན་ཡང་། སྐུ་ཞབས་ཀྲང་གིས་གོ་བ་ལེན་སྟངས་ཀྱིས་དོན་དངོས་ཀྱི་ཚབ་བྱེད་མི་རུང་། གོ་བ་ལེན་སྟངས་ནི་འགྱུར་བ་བཏང་ཆོག་པ་ཞིག་ཡིན་མོད། ཡིན་ཡང་རྒྱ་ནག་གི་༡༩༤༩ སྔོན་ལ་ནམ་ཡང་བོད་ལ་དབང་བསྒྱུར་བྱས་མེད།བོད་མིས་རྒྱ་ནག་རྒྱལ་ཁབ་ངོས་ལེན་གནང་གི་མེད་པའི་དོན་དངོས་འདི་འགྱུར་བ་གཏོང་ཐབས་བྲལ། གལ་ཏེ་ང་ཚོས་གོ་བ་ལེན་པར་ངེས་པར་དུ་དོན་དངོས་གཞིར་བཞག་པ་ཞིག་ཡིན་དགོས། དོན་དངོས་གཞི་བཞག་ནས་གོ་བ་བླངས་པ་ཡིན་ན་ད་གཟོད་དོན་དངོས་ཀྱི་ངོ་བོ་དང་ཧ་ཅང་ཉེ་བ་ཁས་ལེན་བྱས་ན། <<རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན་>> ནང་དུ་འཆད་འགྲེལ་གནང་པའི་བོད་རྒྱ་ནག་གི་མངའ་འོག་ཡིན་པའི་ལོ་རྒྱུས་ནི་དོན་དངོས་མིན་པ་གཞིར་བཞག་ནས་གོ་བ་བླངས་པའི་རྣམ་པ་རྫུན་མ་ཡིན། དེ་ནི་དོན་དངོས་ཀྱི་ངོ་བོ་ལ་ཁྱད་གསོད་བྱས་པ་ཡིན།

བཞི་པའི་ཐད་ལ་<<རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན་>>ཟེར་བའི་བརྗོད་དོན། རྒྱ་ནག་དམངས་གཙོ་བསྒྱུར་བཅོས་འཐབ་ཇུས་པས་བསྐྱར་བཞེངས་བྱེད་པ་ནི་མི་རིགས་མང་པོའི་གཅིག་གྱུར་གྱི་རྒྱ་ནག་རྒྱལ་ཁབ་གསར་པ་ཡིན།གཞི་འཛིན་ས་ནི་ས་ཆ་དང་གཅིག་གྱུར་ཆེན་པོ་ཡི་རྒྱ་མི་ཡིན། སྐུ་ཞབས་ཀྲང་གིས་དཔེ་བཞག་པ་ནི། ནུབ་རྒྱུད་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཡིན།མི་འབོར་ཉུང་། ཤར་རྒྱུད་དུ་མི་འབོར་གནོན་ཤུགས་ཧ་ཅང་ཆེ།ནུབ་རྒྱུད་ས་འོག་ཏུ་རང་བྱུང་ཐོན་ཁུངས། ནུབ་རྒྱུད་ནི་འཐབ་ཇུས་རྒྱབ་ཕྱོགས་ཀྱི་རྟེན་གཞི་ཡིན།གལ་ཆེ་ཤོས་ནི་བོད་རང་བཙན་ཁེར་རྐྱང་གི་དོན་རྐྱེན་མིན་པར་དེས་ཤར་ཏུར་ཁི་སི་ཐན་དང་ནང་སོག་རང་བཙན་ལ་སྣེ་འཁྲིད་བྱེད་པ། སུ་ཞིག་སྲིད་སྟེགས་སྒང་ཡོད་པ་དང་། སུ་ཞིག་སྲིད་སྟེགས་སྒང་ལ་ཕེབས་པར་གྲ་སྒྲིགས་བྱེད་ཀྱི་ཡོད་པ།མི་དེ་ནི་རང་དབང་དམངས་གཙོ་པ་དང་ཡང་ན་དམར་ཤོག་ནང་ཁུལ་གྱི་བཅོས་བསྒྱུར་པ་ཡིན་ཡང་་་་་་སུ་སྲིད་སྟེགས་སྒང་ལ་ཐོན་ཡང་རྒྱལ་ཁབ་ཀྱི་མངའ་ཁོངས་གྱི་ཕྱེད་ཀ་ཤོར་པའི་ཉེས་མིང་གི་འགན་འཁུར་མི་ཐུབ། དེ་བཞིན་དེ་འདྲ་གནས་ཚུལ་བྱུང་དུ་མི་འཇུག་པ་ཡིན།མ་འོངས་པའི་དམངས་གཙོ་ལམ་ལུགས་ཁྲོད་བསྒྱུར་བཅོས་གཞུང་གསར་པས་ངེས་པར་དུ་རྒྱ་མི་སྟེ་འོས་འཕེན་མཁན་ཚོགས་སྤྱི་ཆེ་ཤོས་ཀྱི་རྒྱབ་སྐྱོར་ལ་བསམ་བློ་གཏོང་དགོས། བོད་ཤོར་བ་ཡང་ན་ཤར་ཏུར་ཁི་སི་ཐན་ཤོར་བ་ཡིན་ན་དམངས་གཙོ་བསྒྱུར་བཅོས་ཀྱི་ཁྲིམས་མཐུན་རང་བཞིན་མང་ཆེ་བ་བརླག་པ་རེད། (རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན་ཟེར་བའི་ལེའུ་བཅུ་གཉིས་པར།)

འདི་རུ་ངས་ཝེ་ཅིན་ཧྲིན་དང་ཀྲང་པོ་ཧྲུའུ་གཉིས་ཞིབ་བསྡུར་བྱེད་འདོད། ཝེ་ཅིན་ཧྲིན་གྱིས་བཙོན་ཁང་ནས་ཏེང་ཞོ་ཕིང་ལ་སྦྲིངས་པའི་བོད་ཀྱི་གནད་དོན་སྐོར་གྱི་ཡི་གེ་ནང་བོད་ཀྱི་ལོ་རྒྱུས་བདག་དབང་གི་སྐོར་དོན་བརྗོད་དྲང་པོ་ཡིན། ཝེ་ཅིན་ཧྲིན་གྱིས་རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱིས་མངའ་ཁོངས་བརླག་ཤོར་བྱུང་རྒྱུ་ཡིན་པ་དང་། རྒྱལ་འབངས་ཀྱིས་ལོ་རྒྱུས་དམའ་འབྱིན་ཀ་བ་ཐོག་འཛེར་རྒྱུ་ཡིན་པ་སོགས་བརྗོད། དབང་ཆའི་སྲོག་ཤིང་ནི་རྒྱ་དམར་ཡིན་པས་ཝེ་ཅིན་ཧྲིན་གྱིས་དབང་འཛིན་པར་འཇམ་འགུག་རྒྱ་འགྱུར་སྲིད་ཇུས་སྤེལ་དགོས་པའི་བསམ་འཆར་བཏོན་པ་རེད། དེ་ནི་བུ་རབས་ཚ་རྒྱུད་ཀྱི་ཆེད། ཀྲུང་ཧྭ་དར་སྤེལ་ཟེར་བའི་རྒྱ་ནག་བཙན་རྒྱལ་འདུ་ཤེས་འཛིན་སྟངས་ཀྱི་བཀག་རྒྱ་ལས་བྱུང་བ་ཡིན་ལས་ཆེ།

ཀྲང་པོ་ཧྲུའུ་ཡི་དེབ་ནང་དུ་ལོ་རྒྱུས་འགྲེལ་བརྗོད་ལ་ཆབ་སྲིད་ཀྱིས་བཀོལ་སྤྱོད་དང་ཁ་ལོ་བསྒྱུར་ཡོད། ཁོང་གིས་བོད་རང་བཙན་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་འཐབ་ཇུས་པས་འོས་འཕེན་མཁན་སྤྱི་ཚོགས་ཆེ་ཤོས་ཏེ་རྒྱ་ཆེ་བའི་རྒྱ་མིས་རྒྱབ་སྐྱོར་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཟེར། འདིས་སྲིད་གཞུང་གསར་པའི་དབང་ཆའི་དགོས་མཁོ་ཤུགས་ཆེན་མངོན་ཡོད། དམངས་གཙོ་ཡིན་ལ་གཅིག་གྱུར་ཆེན་པོ་ཡང་ཡིན་དགོས་པའི་ལྟ་བ་འཛིན་མཁན་གྱི་རྒྱ་ཆེ་བའི་རྒྱ་མི་ནི་བསྒྱུར་བཅོས་གནང་པའི་སྲིད་གཞུང་གསར་པའི་དབང་ཆའི་འབྱུང་ཁུངས་ཡིན།དེ་ལྟར་ཡིན་པས་དམངས་གཙོ་བསྒྱུར་བཅོས་ཟེར་བའི་སྐད་བརྡ་ནང་དུ་ཁྱེད་ཀྱིས་གཅིག་གྱུར་ཆེན་པོར་བསམ་ཞིབ་བྱས་མེད་ལ་དམངས་གཙོ་ཡིན་ལ་གཅིག་གྱུར་ཆེན་པོ་ཡང་ཡིན་ཟེར་པར་བློ་དོགས་སྤུ་ཙམ་མེད་པ་རེད། དེ་ལས་ལྡོག་ཏེ་རྒྱ་དམར་གྱི་ལོ་རྒྱུས་དྲིལ་བསྒྲགས་ཀྱིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་རྒྱ་དམར་དམག་དཔུང་བོད་དུ་ཡོང་བ་བདག་དབང་ལག་བསྟར་ཡིན་པ་རིག་པས་ཁུངས་སྐྱེལ་བྱས་ཡོད། དེ་ནི་བསྒྱུར་བཅོས་སྲིད་གཞུང་གསར་པར་དབང་ཆའི་ཐོན་ཁུངས་ཏེ་དམངས་གཙོ་ཡིན་ལ་གཅིག་གྱུར་ཆེན་པོ་ཡང་ཡིན་པའི་མང་ཚོགས་ཀྱི་འདོད་པ་གསོག་བསྒྲུབ་བྱེད་བཞིན་ཡོད་པ་འདྲ།

སྐུ་ཞབས་ཀྲང་གི་དེབ་ནང་བརྗོད་པའི་ལག་ལེན་པ་དང་དམངས་གཙོ་བསྒྱུར་བཅོས་འཐབ་ཇུས་པ་ནི་སུ་དང་སུ་ཡིན་ནམ། ཁོ་ཚོ་ནི་དམངས་གཙོ་རང་དབང་གི་འཇིག་རྟེན་དུ་སྨྲ་བརྗོད་རང་དབང་གི་སྟེགས་བུ་ལ་དབང་བསྒྱུར་གྱིས་དམངས་གཙོ་ཆབ་སྲིད་ཀྱི་སྐད་ཆ་བཤད་བཞིན། རིག་གཞུང་ཁ་ཤས། གཡོ་ཇུས་ཁ་ཤས།སྙིང་རྗེ་ཁ་ཤས།བསྟོད་པ་ཁ་ཤས། དེ་བཞིན་བཙན་ཤེད་ཏོག་ཙམ་སྟེ་ཁྱེད་རང་རྒྱ་ནག་གི་མངའ་ཁོངས་སུ་གནས་རྒྱུ་གྲོས་མོལ་གྱི་རྨང་གཞི་བྱས་ཚེ་ད་གཟོད་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ལས་དོན་གྱི་རྒྱབ་སྐྱོར་ཡག་ཤོས་དེ་ཡིན། འདི་ལྕགས་ཕོ་གསར་བརྗེ་རྗེས་ཀྱི་མི་རིགས་ལྔའི་སྤྱི་མཐུན་དང་འདྲ་མཚུངས་ཡིན་པ་ནི། འཐབ་ཇུས་པ་ཚོས་མ་འོངས་པའི་དམངས་གཙོའི་རྒྱ་ནག་གསར་པ་ལ་ཕུན་སུམ་ཚོགས་པའི་ཇུས་འགོད་གནང་བཞིན་ཡོད། ཡིན་ཡང་ཁོ་ཚོས་བོད་དང་སོག་པོ། ཡུ་གུར་སོགས་མི་རིགས་གཞན་གྱི་འཐབ་ཇུས་པ་ཕྱིར་འབུད་བྱས་ཏེ་ཁང་པའི་ནང་གླང་ཆེན་ Elephant in the room མེད་ཁུལ་བྱེད། ( ཁང་པའི་ནང་གི་གླང་ཆེན་ཟེར་བ་དབྱིན་ཡིག་གི Elephant in the roomབརྗོད་དོན་ནི།ཁང་པའི་ནང་དུ་གླང་ཆེན་ཡོད་ཀྱང་ཚང་མས་མ་མཐོང་མདོག་མདོག་བྱེད་པ་སྟེ། སྐྱོན་རི་འདྲ་པོ་ཡོད་ཀྱང་ཚང་མས་མེད་མདོག་མདོག་བྱེད་པ།)

ལྔ་པ། དམངས་གཙོའི་རྒྱ་ནག

༢༠༡༦ ལོ་ཟླ་བ་༨ པའི་ནང་དུ་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ཆེད་དོན་བགྲོ་གླེང་བྱེད་བཞིན་པའི་དམངས་གཙོ་ལས་འགུལ་པའི་དྲ་རྒྱ་དམངས་གཙོའི་རྒྱ་ནག་གིས་བདག་གི་རྩོམ་ཡིག་བོད་ཀྱི་གནད་དོན<<བཀྲེས་སྟག་དང་སྤྱང་ལྟོགས་ཀྱི་ཁ་ཟས>>ཟེར་པའི་ནང་གི་ཏཱ་ལའི་བླ་མའི་དབང་ཆའི་ཡོང་ཁུངས་དང་ཁྲིམས་མཐུན་ཡིན་པའི་སྐོར་གྱི་ཚན་པ། ༡༩༠༩ལོའི་ཟླ་བ་༡༡ པའི་ཟླ་སྟོད་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཕྱིར་ལྷ་སར་ཆིབས་བསྒྱུར་གནང་རྗེས་བོད་མི་དམངས་ཀྱིས་ཁོང་ལ་གསེར་ཐམ་ཆེན་མོ་ཕུལ་ཡོད། གསེར་ཐམ་སྟེང་འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་༸རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་གི་ཀུན་ཁྱབ་༸རྒྱལ་བསྟན་ཡོངས་ལ་མངའ་དབང་སྒྱུར་བ་ཐམས་ཅད་མཁྱེན་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོ་བླ་མ་ལྷ་མི་ཡོངས་ཀྱི་སྤྱི་བོས་མཆོད་པའི་ཡིད་བཞིན་དབང་གི་རྒྱལ་པོའི་ཕྱག་རྒྱ། ཞེས་བཀོད་ཡོད། གསེར་ཐམ་འདི་ནི་བོད་མི་དམངས་ཀྱིས་མན་ཇུའམ་རྒྱ་ནག་གིས་ཐེ་གཏོགས་ལ་ཁས་མི་ལེན་པའི་མཚོན་རྟགས་ཡིན། དེ་ནི་མི་དམངས་ཀྱིས་ཏཱ་ལའི་བླ་མ་ངོས་ལེན་གནང་བའི་བདེན་དཔང་ཡིན། ཏཱ་ལའི་བླ་མ་དང་དགའ་ལྡན་ཕོ་བྲང་གཞུང་གི་ཁྲིམས་མཐུན་རང་བཞིན་འདི་ན་ཡོད་ཟེར་བ་དེ་བསུབ་པ་རེད།

དམངས་གཙོའི་རྒྱ་ནག་གི་རྩོམ་སྒྲིག་པ་ངོ་མ་ཆེད་ལས་ཅན་ཡིན་པ་མ་བཤད་རང་བཤད་རེད། རྒྱ་ནག་གིས་བོད་ལ་བདག་དབང་ཡོད་ཟེར་བའི་གཞི་འཛིན་ས་ནི་རྒྱ་ནག་གོང་མས་ཆོ་ལོ་བསྩལ་བ་སྟེ་ཏཱ་ལའི་བླ་མའི་དབང་ཆའི་ཁུངས་ནི་རྒྱ་ནག་གི་གོང་མའི་དབང་ཆ་ཡིན་ཟེར་བ་དེ་རེད། ཡིན་ཡང་བོད་མི་དམངས་ཀྱིས་༸གོང་ས་མཆོག་ལ་ཕུལ་བའི་ཕྱག་ཐམ་དེས་ཏཱ་ལའི་བླ་མའི་དབང་ཆ་འབྱུང་ཡུལ་སངས་རྒྱས་ཡིན། དབང་བསྒྱུར་བར་ངོས་ལེན།བདག་དབང་དམངས་ལ་ཡོད་པ། མི་དམངས་བདག་དབང་ལ་ངོས་ལེན་སོགས་དམིགས་བསལ་སྐུལ་འདེད་ཆེད་དུ་ངས་རྩོམ་ཡིག་ནང་དཔེ་མཚོན་འདི་བཀོད་པ་ཡིན་ཡང་དམངས་གཙོའི་རྒྱ་ནག་གིས་གནད་ཕིགས་ལྡན་པའི་ནག་བསུབ་བཏང་བ་རེད། ཧ་ཅང་གསལ་པོ་ཡིན་པ་ནི་ཀློག་པ་པོར་བདེན་དཔང་འདི་ཤེས་སུ་འཇུག་འདོད་མེད་པ་དེ་ཡིན། གལ་ཏེ་མིས་ཤེས་པ་ཡིན་ན་ཁོ་ཚོས་ཇུས་འགོད་གནང་པའི་བོད་དོན་གྱི་ངོ་བོ་ཡི་ནོར་འཁྲུལ་མངོན་ཡོང་། དོན་ངོ་མ་དེ་འདྲ་ཡིན་པས་དམངས་གཙོའི་རྒྱ་ནག་གིས་བོད་མིས་རྒྱ་ནག་ངོས་ལེན་མེད་པའི་དཔང་རྟགས་བསུབ་པ་མ་ཟད་རྩོམ་ཡིག་ལ་དོན་དངོས་དང་བྲལ་བ། རྩོམ་པ་པོའི་མཚོན་དོན་ངོ་མ་དང་ཡང་བྲལ་བའི་བརྗོད་བྱ་མདོར་བསྡུས་བྲིས་ཏེ་ཀློག་མཁན་རྣམས་བདག་དབང་གི་གནད་དོན་ལས་ཡལ་ནས་དབང་བསྒྱུར་བའི་སྲིད་ཇུས་གནད་དོན་དུ་བསླུ་ཁྲིད་བྱས་ཡོད།

དམངས་གཙོའི་རྒྱ་ནག་གིས་ངའི་མ་རྩོམ་བཞིན་བསྐྱར་བཅོས་མི་གནང་བའི་རྒྱུ་མཚན་ནི། འདི་འདྲའི་ཡ་ང་བའི་དུས་སྐབས་ནང་དུ་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་དཔྱད་བསྡུར་གཡུལ་ས་འདི་རང་སོར་ཉར་དགོས་པར་བསམ་བློ་བཏང་ན་ངོ་མ་ལས་སླ་པོ་མིན། རྩོམ་སྒྲིག་པས་རྒྱང་རིང་དང་དུས་ཡུན་རིང་པོའི་ཐབས་ཇུས་ཆེད་དུ་རྩོམ་ཡིག་བཟོ་བཅོས་དང་བསུབ་པ་ནི་རྒྱུན་ལྡན་ཡིན། དེ་མ་ཟད་རྩོམ་སྒྲིག་པས་རང་ཉིད་ཀྱི་དཀའ་ངལ་བརྗོད་སོང་། དེ་བས་རྩོམ་ཡིག་ནང་གི་བརྗོད་བྱ་བསུབ་པ་ནི་ཕྱོགས་གཞན་ཞིག་གི་གནོན་ཤུགས་ཡོད་པ་མངོན་ཡོད། ང་ཚོས་གཏན་ཚིག་འདི་ལ་ཇི་ལྟར་གོ་བ་ལེན་དགོས་སམ།རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ཆེད་དོན་བགྲོ་གླེང་བྱེད་བཞིན་པའི་དམངས་གཙོའི་རྒྱ་ནག་གིས་དམངས་གཙོ་བསྒྱུར་བཅོས་གཡུལ་ས་སོར་ཉར་བྱ་དགོས་པ་ཁ་གཡར་ནས་ཏཱ་ལའི་བླ་མ་དང་བོད་གཞུང་གི་དབང་ཆ་ཁྲིམས་མཐུན་རང་བཞིན་གྱི་འབྱུང་ཁུངས་བསུབ་པ་རེད།

དམངས་གཙོའི་རྒྱ་ནག་གིས་རྩོམ་ཡིག་བསུབ་པ་དང་རྒྱ་དམར་གྱི་ལངས་ཕྱོགས་གཉིས་བྱེད་ཐབས་མི་འདྲ་ཡང་གྲུབ་འབྲས་གཅིག་པ་རེད། ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་ཡིས་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་འཚོ་གཞེས་ཀྱི་རིང་ལ་ཡང་དག་པ་འདེམ་ག་གནང་དགོས་ཟེར་པའི་ནང་དུ་འདི་ལྟར་བརྗོད་ཡོད། ཏཱ་ལའི་ཡིས་གང་ཐུབ་ཅི་ནུས་གྱིས་རང་གི་རུ་ཁག་ཆུང་བ་ལ་ཁྲིམས་མཐུན་རང་བཞིན་གྱི་ཕྱི་པགས་གཡོག་གི་ཡོད། བཙན་བྱོལ་བོད་གཞུང་ནི་བོད་མི་དམངས་ཀྱི་ཁེ་ཕན་གྱི་སྐུ་ཚབ་ཡིན་པ་ནན་བརྗོད་བྱེད། ཏཱ་ལའི་བླ་མ་བོད་མི་དམངས་ཀྱི་ཁྲིམས་མཐུན་སྐུ་ཚབ་གོ་གནས་ལ་ནམ་ཡང་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་རེད། འདིའི་སྐོར་ལ་ང་ཚོས་ནན་པོར་སྟོན་རྒྱུ་ནི། བོད་མི་དམངས་ཀྱི་སྐུ་ཚབ་ནི་རྒྱ་ནག་ཀྲུང་དབྱང་སྲིད་གཞུང་དང་དེའི་དབུ་ཁྲིད་འོག་གི་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཁོ་ན་ཡིན། ཟུར་ཟའི་རང་བཞིན་ལྡན་པ་ནི། དམངས་གཙོའི་རྒྱ་ནག་གིས་བརྗོད་བྱ་བསུབ་པ་ཡིས། སུས་འདས་པར་ཚོད་འཛིན་བྱེད་པ་དེས་མ་འོངས་པར་ཚོད་འཛིན་བྱེད་ཐུབ། སུས་ད་ལྟ་ལ་ཚོད་འཛིན་བྱེད་པ་དེས་འདས་པ་ཚོད་འཛིན་བྱེད་ཐུབ་ཟེར་བ་རང་བཞིན་གྱིས་བདེན་དཔང་བྱས།

འདས་པར་ཚོད་འཛིན་བྱེད་པ་དང་མཉམ་དུ་དམངས་གཙོའི་རྒྱ་ནག་གི་དྲ་རྒྱ་ཐོག་དམངས་གཙོའི་རྒྱ་ནག་དང་མ་འོངས་པའི་བོད་དང་འབྲེལ་བའི་རྩོམ་ཡིག་ཁ་ཤས་སྤེལ་སོང་། དེ་དག་གི་ནང་དུ་རླབས་ཆེན་དོན་བརྗོད་དང་བསྔགས་བརྗོད་ཐལ་དྲགས་པའི་བརྗོད་པ་ནི་འདི་ལྟར། བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་པ། ཏཱ་ལའི་བླ་མ་དང་བོད་མི་༡༩༥༩ ལོ་བཙན་བྱོལ་ལ་ཕེབས་པ་ནི་ཆོས་ལུགས་རང་བཞིན་གྱི་གནས་སྤོ་ཡིན། ཆོས་ལུགས་དང་རིག་གནས་ཀྱི་བཙན་བྱོལ་ཡིན།དེ་ནི་རྒྱ་ནག་ནང་ཁུལ་གྱི་དཔལ་ཡོན་དང་འགལ་བས་བོད་རིགས་ས་ཁུལ་དུ་གནོད་འཚེ་འཁེལ་བ་ཡིན།བོད་ཁུལ་མི་སེར་རྒྱལ་ཁབ་ལ་དབང་་་་་མ་འོངས་པར་དམངས་གཙོ་ཐོབ་རྗེས་བོད་ཁུལ། ཤིན་ཅང་ཁུལ་ཚང་མ་ཀྲུང་ཧྭ་ཁྱིམ་ཚང་ཆེན་མོའི་གྲུབ་ཆ་ཡིན་པ་སོགས་བརྗོད་ཡོད།

དྲུག་པ། འཐབ་ཇུས་པ་ཚོ།

དྲ་རྒྱ་ཐོག་གི་གནས་ཚུལ་ལྟར་ན། རྒྱ་ནག་བཅོས་བསྒྱུར་དུས་དེབ་ཁང་གི་གཙོ་འཛིན་ཟུར་པ་ལེ་ཝེ་ཏང་དང་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ཁྲོད་ཀྱི་བོད་དོན་གྱི་རྩོམ་པ་པོ་ཀྲང་པོ་ཧྲུའུ་གཉིས་ཀྱི་ཨ་རིར་རྒྱ་ནག་གི་འཐབ་ཇུས་དབྱེ་ཞིབ་རིག་པའི་བང་མཛོད་ཟེར་བ་ཞིག་བཙུགས་ཡོད། ལེ་ཝེ་ཏང་ནི་རྒྱ་ནག་འཐབ་ཇུས་དབྱེ་ཞིབ་དུས་དེབ་ཁང་གི་གཙོ་འཛིན་དང་། ཀྲང་པོ་ཧྲུའུ་ལག་བསྟར་རྩོམ་སྒྲིག་པ་ཡིན། སྐུ་ཞབས་ཀྲང་པོ་ཧྲོ་ཡིས་ཕྱིར་བསྒྲགས་བྱས་པ་འདི་ལྟ།ངས་ཤེས་པ་ལྟར་ན་ལེ་ཝེ་ཏང་ལྟ་བུའི་(རྒྱ་གཞུང་)སྒྲིག་གཞི་ནང་གི་མཁས་པ་འགས་དེ་སྔོན་འདི་འདྲའི་བསམ་འཆར་བཏོན་ཡོད། པེ་ཅིན་གྱིས་ཏཱ་ལའི་བླ་མ་ཕྱིར་གདན་འདྲེན་བྱས་ནས་བོད་ཁུལ་གྱི་ཆོས་ལུགས་ལས་དོན་གཙོ་སྐྱོང་གནང་གི་འཇུག་དགོས། ཆོས་ལུགས་རང་སྐྱོང་ལག་བསྟར་བྱས་ཏེ་ཏང་གིས་ཇུས་གཏོགས་མི་བྱེད། ཡིན་ཡང་ཏཱ་ལའི་བླ་མས་ཀྱང་བོད་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་མི་དགོས། དེ་བཞིན་ཤི་(ཤི་ཅིན་ཕུང)ཡིས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱེད་པའི་སྒོ་ཕྱེ་བ་ཡིན་ན་བོད་ཀྱི་གནད་དོན་ཞི་ལྷོད་དུ་འགྲོ་བ་ཡིན། དེས་ཤིང་ཅང་དང་རྒྱལ་ཡོངས་ཀྱི་གཏན་འཇགས་ལ་ཡང་ཕན་པ་ཡོད་ཟེར།

རྒྱ་ནག་གཞུང་འབྲེལ་གྱིས་ཡ་ལེན་གནང་མེད་པ་གསལ་པོ་རེད། སྐུ་ཞབས་ཀྲང་པོ་ཧྲུའུ་ཡིས་ཡང་༸གོང་ས་མཆོག་ལ་དབུ་མའི་ལམ་དུམ་བུ་བཟོ་དགོས་ཟེར་བ་ཞིག་བཏོན་པ་རེད། དེའང་འདི་ལྟ་སྟེ། ཐོག་མར་པེ་ཅིན་ཕྱོགས་ནས་ལས་སླ་པོར་ངོས་ལེན་བྱེད་ཐུབ་པའི་གྲོས་མོལ་དཔེར་ན། ཐོག་མར་༸གོང་ས་མཆོག་ཕྱིར་ཕེབས་པ་རྩོད་ལེན་བྱས་ཏེ་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་གྱིས་ཆོས་ལུགས་རང་བཞིན་གྱི་བསམ་ཚུལ་བརྗེ་རེས་དང་བྱེད་སྒོ་ཡང་སྤེལ་ཆོག་་་་འདི་འདྲ་བྱས་ན་ཤི་ཀྲུང་དབྱང་ལ་མཚོན་ན་ཏང་དང་རྒྱལ་ཁབ་ཀྱི་བློ་ཁོག་ཡངས་པ་མངོན་ཐུབ། དེ་ནི་དྲག་གནོན་ལས་འཇམ་པའི་དབང་བསྒྱུར་བསམ་བློ་གསར་པ་དང་མཐུན་པ་ཡིན། དེ་བཞིན་བོད་པར་མཚོན་ན་ཡང་ཆོས་ལུགས་ཁོར་ཡུག་ཕྱོགས་ནས་ལེགས་བཅོས་བྱེད་པ་རྩོད་ལེན་བྱས་ཆོག་་་་་་༸གོང་ས་མཆོག་གིས་བསམ་འཆར་དེར་གསན་རྗེས་བཞད་མོ་ངང་འདི་ལྟར་གསུངས་པ་སྟེ། ཁྱོད་རང་གི་དེ་ནི་དབུ་མའི་ལམ་གྱི་དབུ་མ་རེད།

༢༠༡༧ལོ་འགོར་ཝང་ཐན་ཁྲིན།ཧོ་ཕན་དང་ཐིན་པོ་བཅས་ནས་རྒྱ་ནག་དམངས་གཙོ་བསྒྱུར་བཅོས་ཞིབ་འཇུག་ཁང་ཟེར་བ་བཙུགས་པ་དང་ཝང་ཐན་ཁྲིན་ནི་གཙོ་འཛིན་ཡིན། ཁོས་༢༠༡༠ལོའི་མཛའ་མཐུན་ཟམ་པ་བོད་རྒྱ་སློབ་མའི་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཐོག་དམངས་གཙོ་བྱེད་སྟངས་ལྟར་བོད་དོན་ཐག་གཅོད་ཟེར་པའི་བརྗོད་གཞིའི་སྒང་གཏམ་བཤད་གནང་ཡོད། ཧོ་ཕན་ནི་རྐང་བདག་དང་མཚན་འཛིན་གཙོ་འཛིན་ཡིན། ལེ་ཝེ་ཏང་། ཀྲང་པོ་ཧྲུའུ། ཁྲིན་ཁེ་ཏུག་དང་ཤ་མན་སོགས་ཞིབ་འཇུག་ཁང་གི་དབུ་འབྱེད་མཛད་སྒོར་ཞུགས་ཡོད། ཧོ་ཕན། ལེ་ཅིང་ལིན། ཏུང་ཡེ་ཧྤོ། ཤ་མན་སོགས་ཀྱི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའི་རྩོམ་ཡིག་ཚང་མ་ཁྲིན་ཁེ་ཏུག་གི་རྩོམ་སྒྲིག་བྱེད་པའི་ཕྱོགས་ཡོངས་ནས་རྒྱ་ནག་ལ་ལྟ་བ་ཟེར་བའི་དྲ་རྒྱ་ཐོག་བཀོད་ཡོད།

༢༠༡༨ ལོ་ཟླ་བ༤ པར་ལེ་ཅིང་ལིན།ཏུང་ཡེ་ཧྤོ། ཤ་མན་སོགས་མཁས་པ་ཚོས་པོད་ཝོན་བརྙན་འཕྲིན་ལེ་ཚན་དུ་བོད་ཀྱི་གནད་དོན་དང་རྒྱ་ནག་གི་དམངས་གཙོ་བསྒྱུར་བཅོས་ཟེར་བའི་ཆེད་དོན་བགྲོ་གླེང་ལེ་ཚན་དུ་མ་བཟོས་ཡོད།

༢༠༡༨ ལོ་ཟླ་བ་༥ པར་ཉིའུ་ཡོག་གྲོང་ཁྱེར་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཤ་མན་གྱིས་རྒྱ་མིས་དབུ་མའི་ལམ་ལ་རྒྱབ་སྐྱོབ་ཟེར་བའི་མཚན་རྟགས་བཀོད་པའི་ལས་འགུལ་སྤེལ།

༢༠༡༨ ལོ་ཟླ་བ་༦ པའི་ཚེས་༢༩ ཉིན་ཀྲང་པོ་ཧྲུའུ། ཤ་མན། ལེ་ཅིང་ལིན། ཏུང་ཡེ་ཧྤོ་སོགས་ཀྱིས་དབང་གྲགས་ལྡན་པའི་མཁས་པའི་ངོ་བོ་ཐོག་དྭངས་གསལ་མེ་ལོང་ཐད་གཏོང་བརྙན་འཕྲིན་རྒྱ་ནག་ཞིབ་འཇུག་གླེང་གིས་ཤི་ཅིན་ཕུང་དང་ཏཱ་ལའི་བླ་མ་མཇལ་འཕྲད་གནང་ངམ། བོད་དོན་གྱི་རེ་བ་གང་དུ་ཡོད་ཟེར་བའི་བགྲོ་གླེང་ཚོགས། བགྲོ་གླེང་ཚོགས་འདུ་དེའི་མཐོང་ཕྱོགས་ལ་སྡོམ་ཞིག་བྱས་ན་འདི་ལྟ་སྟེ།

མཁས་པ་ཚོས་བོད་ནི་ཚད་གཞི་གང་འདྲ་ཞིག་གི་རང་བཙན་རྒྱལ་ཁབ། རྒྱ་ནག་དང་རྒྱ་མི་སོགས་ཐ་སྙད་དག་མགོ་བདེ་པོས་ལེགས་སྒྲིགས་བྱས། ཀྲང་པོ་ཧྲུའུ་ཡིས་ཁོ་རང་གི་དེབ་ནང་གི་ལྟ་བ་རྒྱུན་འཛིན་བྱས་ཡོད། ཏུང་ཡེ་ཧྥོ་ཡིས་ཀྲང་པོ་ཧྲུའུ་ཡི་ཡན་རྒྱལ་རབས་ནས་མན་ཇུ་བར་བོད་རྒྱ་ནག་གི་མངའ་འོག་ཡིན་ཟེར་བ་ལ་ངོས་ལེན་གནང་། ཡིན་ཡང་སྐུ་ཞབས་ཏུང་གིས་ཕལ་ཆེར་ཁོ་རང་གི་ཏཱ་ལའི་བླ་མ་ཁྱེད་ཀྱི་དགྲ་བོ་མིན་ཞེས་པའི་རྩོམ་ཡིག་ནང་དུ་འཁྲབ་རྩལ་རང་བཞིན་གྱི་སྨྱུག་རྩལ་བཏོན་པ་བརྗེད་པ་འདྲ། དེ་ལས་ཕྱིར་འཁོར་ནས་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་བོད་དོན་དངོས་ཀྱི་རང་བཙན་སྣང་མེད་དུ་བསྒྱུར་མི་ཆོག་པ་ནན་བརྗོད་གནང་། ཅི་ཧྲོ་མུན་གྱིས་དོན་དངོས་ཀྱི་རང་བཙན་དེ་ལ་རྒྱལ་སྤྱིས་ངོས་ལེན་གནང་མེད་པ་དྲན་སྐུལ་གནང་།

ལེ་ཅིང་ལིན་གྱིས་ཁོ་མོས་ཞིབ་འཇུག་བྱས་པའི་དེང་སྐབས་བོད་ཀྱི་ལོ་རྒྱུས་སྣང་མེད་བྱེད་མི་འོས་པ་ནན་བཤད་བྱས། དེ་མིན་ན་རྒྱ་མིར་བོད་པས་ཅི་ཕྱིར་ངོ་རྒོལ་བྱས་པ་དང་། ངོ་རྒོལ་གྱི་གཞི་རྟེན་དང་གནས་བབ་གང་ན་ཡོད་པ་མི་ཤེས་ཟེར། གལ་ཏེ་ཆབ་མདོ་དམག་འཁྲུག་དང་དོན་ཚན་བཅུ་བདུན་གྱི་ངོ་བོ་སྦས་སྐུང་གནང་མེད་ན་བོད་པས་ཅི་ཕྱིར་ངོ་རྒོལ།ངོ་རྒོལ་གྱི་གཞི་རྟེན་ཁོ་མོའི་པར་གཞི་དང་གཅིག་པ་ཡིན་ནམ།

དགེ་རྒན་ཆེན་མོ་ཤ་མན་གྱིས་བརྗོད་དོན། ངེས་པར་དུ་ཁས་ལེན་བྱེད་དགོས་པ་ནི་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུ་བོད་དང་ཤིན་ཅིང་རྒྱ་ནག་གི་ཆ་ཤས་ཡིན།མི་རིགས་༥༦ རྒྱ་ནག་ནང་སླང་ང་གཅིག་གི་ནང་འདུར་པའི་ཁུ་བ་ཡིན།ལ་ཕུག་དང་གླང་ཤ་དབྱེ་བ་བྱེད་མི་ཐུབ། མི་རིགས་བཤིག་བྲལ་བྱས་ན་རིགས་རྒྱུད་དམར་གསོད་འབྱུང་སྲིད། མཐོང་སོང་ངམ། ལྟ་བ་སྣ་ཚོགས་ཡིན་པར་སྣང་ཡང་མཐའ་མའི་མཇུག་སྡོམ་གཅིག་གྱུར་ཡིན།

མཁས་པ་ཚོས་བརྗོད་དོན། ལོ་རྒྱུས་གནད་དོན་སྣང་མེད། དངོས་ཡོད་གཙིགས་ འཛིན། མི་རིགས་གནད་དོན་སྣང་མེད་དང་ལམ་ལུགས་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་དགོས། མཁས་པ་ཚོའི་བསམ་པར་དབུ་མའི་ལམ་གྱིས་རྒྱ་ནག་དམངས་གཙོ་ཅན་དུ་འཁྲིད་ཐུབ་པས་ཤི་ཅིན་ཕུང་དང་ཏཱ་ལའི་བླ་མ་གཉིས་མཇལ་འཕྲད་ལ་རེ་བ་བྱེད།

བཙན་བྱོལ་བོད་གཞུང་གིས་བརྗོད་དོན།བོད་ནི་རྒྱ་ནག་གི་ཆ་ཤས་མིན། ཡིན་ཡང་དབུ་མའི་ལམ་ནི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཤིག་ཡིན། བཙན་བྱོལ་གཞུང་གིས་དབུ་མའི་ལམ་འགྲེལ་བརྗོད་གནང་དུས་ཚང་མས་མཁྱེན་པའི་རང་བཙན་མི་རྩོད་པ་ལས་གཞན་བོད་ཆོལ་ཁ་གསུམ་གཅིག་གྱུར་ཐོག་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་དགོས་པ་དེ་ཡིན། དེ་བཞིན་རྒྱུན་འཁྱོངས་གསུམ་ལ་གུས་བརྩི། རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ངོས་ལེན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་སོགས་ཡིན།

རྒྱ་ནག་གིས་མཐའ་གཅིག་ཏུ་དབུ་མའི་ལམ་ཟེར་བ་དོན་ངོ་མར་ཁ་བྲལ་རིང་ལུགས་ཤིག་གི་ཆབ་སྲིད་ཀྱི་རེ་འདུན་ཡིན། དབུས་གཞུང་གིས་འདས་མ་ད་གསུམ་ནམ་ཡང་ངོས་ལེན་མི་བྱེད་ཟེར།

དམངས་གཙོ་བསྒྱུར་བཅོས་འཐབ་ཇུས་མཁས་པ་ཚོས་རྒྱ་དམར་གྱིས་ལམ་དབུ་མ་ངོས་ལེན་མི་བྱེད་པ་གསལ་པོར་ཤེས་ཀྱི་ཡོད་པ་རེད། ཧོ་ཕན་གྱིས་བཤད་པ་ལྟར།རྒྱ་དམར་གྱིས་བོད་དུ་སྒེར་གཅོད་སྲིད་དབང་བཙུགས་ཚར་བ་རེད།གལ་ཏེ་བོད་པར་རང་སྐྱོང་བྱེད་དུ་བཅུག་ན་རྒྱ་དམར་གྱི་བོད་དུ་ཡོད་པའི་སྒེར་གཅོད་སྲིད་དབང་གནས་མི་ཐུབ་པ་ཡིན། ཡིན་ཡང་འཐབ་ཇུས་པ་ཚོ་ནི་མུ་མཐུད་དུ་ལམ་དབུ་མའི་རྒྱབ་སྐྱོར་བརྟན་ཤོས་དང་ཆེས་ནན་ཏན་གྱི་འབོད་སྒྲ་སྒྲོག་མཁན་ཡིན། རྒྱུ་མཚན་ནི། ལམ་དབུ་མས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གུས་བརྩི་བྱེད་རྒྱུ་ཞལ་བཞེས་གནང་ཡོད་པས་སོ། འདི་ནི་དམངས་གཙོ་བསྒྱུར་བཅོས་སྲིད་དབང་གསར་པས་སྔོན་བཀོད་ཀྱི་ཁྲིམས་མཐུན་རང་བཞིན་ཡིན།

ཆབ་སྲིད་ལམ་ལུགས་ཁོར་ཡུག་གིས་དེ་དང་མཚུངས་པའི་སྤྱི་ཚོགས་ཀྱི་མི་གཤིས་ལ་ཤུགས་རྐྱེན་དང་བཞེངས་སྐྲུན་གནང་གི་ཡོད། གཅིག་གྱུར་ཆེན་པོ་སྒེར་གཅོད་རྒྱལ་ཁབ་ཀྱིས་དེ་དང་མཚུངས་པའི་སློབ་གསོ་ལམ་ལུགས་དང་སྤྱི་ཚོགས་ཁོར་ཡུག་སྐྲུན། དེ་ལས་སྤྱི་ཚོགས་ཀྱི་སྒེར་གཅོད་མི་གཤིས་གྲུབ་པ་དེས་ཕྱིར་ལྡོག་ནས་ཆབ་སྲིད་ལམ་ལུགས་སྲ་བརྟན་དུ་བཟོ། དེ་ནས་གཅིག་གྱུར་ཆེན་པོའི་སྲོག་རྒྱུན་མཐུད་པའི་སྟོབས་ཤུགས་སུ་གྱུར། འདི་འདྲའི་སྤྱི་ཚོགས་མི་གཤིས་ཅན་གྱི་སྒེར་དང་མང་ཚོགས་ཀྱིས་རྟག་པར་ཡོངས་གྲགས་སུ་ཁོ་ཚོས་དབང་འཛིན་པར་ངོ་རྒོལ་གྱི་ལངས་ཕྱོགས་མངོན་གྱི་ཡོད་པ་དང་། དབང་འཛིན་པའི་བསམ་བློའི་འདུ་ཤེས་ལ་སྐྱོན་བརྗོད་ཀྱིས་རང་ཉིད་དམངས་གཙོ་རང་དབང་པ་ཡིན་པར་བརྗོད། ཡིན་ཡང་ཁོ་ཚོས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་སྨོན་བྱེད་ལ་གཅིག་གྱུར་ཆེན་པོ་ཆེད་དུ་སྲིད་དབང་སྒེར་གཅོད་པའི་བྱེད་ཐབས་འཛེམ་པ་མེད་པར་བེད་སྤྱོད་བྱེད། ལོ་རྒྱུས་འབྲི་ལ་ལོ་རྒྱུས་དོན་དངོས་འཁྱོག་བརྗོད་ཀྱང་བྱེད། སྨྲ་བརྗོད་རང་དབང་བཤད་ལ་སྨྲ་བརྗོད་ཞིབ་བཤེར་ཡང་བྱེད། དམངས་གཙོ་བསྒྱུར་བཅོས་སྐོར་ཞིབ་དཔྱད་གནང་ཡང་ངེས་པར་དུ་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་དུ་བསྒྱུར་བཅོས་བྱེད་དགོས། དེ་བཞིན་དམངས་གཙོ་གཅིག་གྱུར་ཆེན་པོའི་རྒྱ་ནག་གསར་པར་བསྒྱུར་བཅོས་བྱས་རྗེས་ཀྱི་སྲིད་གཞུང་གསར་པའི་ཁྲིམས་མཐུན་རང་བཞིན་གྱི་ཡོང་ཁུངས་ནི་རྒྱ་མི་ཡིན། མི་རིགས་གཞན་དག་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོད་ཀྱང་ངེས་པར་དུ་དབུས་གཞུང་གི་བཀའ་བཀོད་དང་ལེན་བྱེད་དགོས། གཅིག་གྱུར་མཛེེས་སྡུག་ཅན་གྱི་འཇིག་རྟེན་དེར་སྤྱི་དམངས་ཚང་མར་འགྲོ་བ་མིའི་ཐོབ་ཐང་ཡོད། ཡིན་ཡང་མི་རིགས་རང་ཐག་རང་གཅོད་དེ་ནང་ཚུད་མེད།ཁ་བྲལ་གྱིས་རིགས་རྒྱུད་དམར་གསོད་སློང་། རྒྱུ་མཚན་ནི་རྒྱ་ནག་གིས་ནུས་ཤུགས་ཡོད་ཚད་ཀྱིས་ཁ་བྲལ་ལ་ངོ་རྒོལ་བྱེད། སློབ་གསོ་ཡོ་བསྲང་ལྟེ་གནས་ཁང་སྟེ་གཅིག་བསྡུས་བཙོན་ར་རུ་མི་ས་ཡ་ལས་བརྒལ་བ་བཙོན་འཇུག་བྱས་ཡོད།

དོན་དངོས་སུ་ང་ཚོས་བསྐྲུན་དང་སྐྲུན་བཞིན་པ།བརྒྱུད་དང་མུ་མཐུད་དུ་བརྒྱུད་དགོས་པ་ནི་ཆེས་མུན་ནག་གི་དུས་སྐབས་ཡིན།

ཏཱ་ལའི་བླ་མས་གཞུང་གི་ཁྲིམས་གཞི་མཐའ་མར་མཚན་རྟགས་བཀོད་པ་ནི་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱིས་རང་ཉིད་ཀྱི་ཆབ་སྲིད་དབང་ཆ་དོར་བ་རེད། ཁོང་གིས་སྒུག་བཞིན་པ་ནི་རྩ་ཁྲིམས་བསྐྱར་བཅོས་ཀྱི་རྒྱལ་ཁབ་གཙོ་འཛིན་གྱི་ལོ་ཚད་གསུབ་མཁན་གྱི་དབང་འཛིན་པ་དེ་དང་ཐུག་འཕྲད་བྱེད་རྒྱུ་དེ་རེད།

༸གོང་ས་མཆོག་གིས། བོད་ཀྱི་གནད་དོན་ནི་ཁོང་སྐུ་སྒེར་གྱི་གནད་དོན་མིན། མཐའ་མཇུག་གི་ཐག་གཅོད་དབང་ཆ་ནི་བོད་མི་དམངས་ཀྱི་ལག་པར་ཡོད་གསུངས་པ་རེད།

༢༠༡༨།༧ཐི་ལ་ཝེ་ཧྥོ་ནས།
མ་རྩོམ། 
https://www.voicettank.org/single-post/2018/07/25/%E8%A5%BF%E8%97%8F%E5%95%8F%E9%A1%8C%EF%BC%9A%E6%96%B0%E3%80%8C%E7%B1%8C%E8%97%8F%E7%AD%96%E3%80%8D%E2%80%94%E2%80%94%E4%B8%80%E4%BB%BD%E6%97%81%E8%A7%80%E8%80%85%E6%89%8B%E8%A8%98

 

Share this:
༢༩༤ ཀློག་གྲངས།