བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོར་རྗེས་དྲན་གྱི་རྐང་འཁོར་སྐོར་བསྐྱོད།

ཟླ་འདིའི་ཚེས་༨ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག དྷ་ས་མེག་གྷན་ནས་ནོར་གླིང་བར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། ༢༠༠༨ ལོར་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་༡༠ འཁོར་བ་དང་། བོད་མིའི་ཁྲག་དང་མིག་ཆུ་འགེབས་བྱེད་ཀྱི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐེར་འདོན་ཆེད་དུ་ཡིན་སྐོར་བརྗོད་འདུག
ལས་འགུལ་དེ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བུད་མེད་ཚོགས་པ་དང་། མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང་། རྐང་འཁོར་ལས་འགུལ་ནང་ཞུགས་མཁན་བོད་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སུམ་ཅུ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

ལས་འགུལ་ནང་ཞུགས་མཁན་པདྨ་ལ་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “བོད་ནང་དུ་རྟ་ཞོན་ནས་ངོ་རྒོལ་ལས་འགུལ་སྤེལ་གྱི་འདུག འདིར་རྟ་མེད་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་རྐང་འཁོར་ལས་འགུལ་ནང་མཉམ་ཞུགས་བྱས་ཡིན་ལ། ང་རང་ཆུང་ཆུང་སྐབས་བོད་ནས་ཡོང་བ་ཡིན། ༢༠༠༨ ལོར་ངའི་ཕ་གཅིག་མ་གཅིག་གི་སྤུན་མཆེད་གྲྭ་པ་དེ་རྒྱ་ནག་གཞུང་གིས་༢༠༠༨ ལོ་ནས་༢༠༡༩ ལོའི་བར་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ངའི་ཕ་ཡུལ་ཨ་མདོ་རྔ་པར་རྒྱ་ནག་གཞུང་གིས་དམ་དྲག་ཞེ་དྲག་ཡོད་པ་ཤེས་ཀྱི་ཡོད་ལ། བོད་ནང་དུ་སོང་ནས་གང་ཡང་བྱེད་མི་ཐུབ་པས་འདིར་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་”ཞེས་གསུངས་སོང་།

ཉིན་དེར་གོ་སྒྲིག་པ་ཚོགས་པ་ཁག་གིས་༢༠༠༨ ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་དྲག་གནོན་ཤུགས་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “༢༠༡༨ ལོ་ནི་༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ཧྲིལ་པོ་༡༠ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། ལོ་དེའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་འཛུགས་ཀྱིས་བོད་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་བ་དང་། ཞི་རྒོལ་གྱེན་ལངས་དེ་ནི་༡༩༥༩ ལོའི་གྱེན་ལངས་བྱུང་ཚུན་ནས་གཞི་རྒྱ་ཆེ་ཤོས་དང་། དུས་ཡུན་རིང་ཤོས། མི་གྲངས་མཉམ་ཞུགས་བྱེད་ཚད་མང་ཤོས་ཀྱི་ལས་འགུལ་ཞིག་ཡིན་པ་རེད་”ཅེས་འཁོད་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། “༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༨ ཉིན་རྒྱ་ནག་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོགས་ཡོད་པ་དང་། ཨོ་རྩལ་འགྲན་ཚོགས་འཛམ་གླིང་ཐོག་ཕན་ཚུན་འདྲ་མཉམ་དང་འཆམ་མཐུན་གྱི་རྣམ་པ་གསར་པ་ཞིག་གི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་རྩལ་འགྲན་ཚོགས་ཞིག་ཆགས་ཡོད་ལ། སྐབས་རིམ་བྱུང་གི་རྩེད་འགྲན་ཚོགས་ཡུལ་གྱི་རྒྱལ་ཁབ་ཚོས་ཀྱང་ཨོ་རྩལ་འཆམ་མཐུན་དང་འདྲ་མཉམ་གྱི་རྩ་དོན་དམ་བཅའ་ཡིད་ལ་བཅངས་ནས་སོ་སོའི་རྒྱལ་ཁབ་ནང་མི་རིགས་ཕན་ཚུན་འདྲ་མཉམ་དང་། མང་གཙོ། རང་དབང་། ཁྲིམས་སྐྱོང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ཡར་རྒྱས་དང་འགྱུར་བ་ཧ་ཅང་ཆེན་པོ་གཏོང་བཞིན་ཡོད་ཀྱང་། ལོ་དེར་རྒྱ་ནག་གཞུང་གིས་རྩེད་འགྲན་གྱི་རྩ་དོན་དང་དམ་བཅའ་ཡོངས་སུ་རྩིས་མེད་རྡོག་རོལ་བཏང་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཕྱོགས་ཡོངས་དང་ཁྱོན་ཡོངས་ནས་དྲག་གནོན་བྱས་པ་མ་ཟད། ལྕགས་འཁྲབ་འཁོར་ལོ་སོགས་བཏང་བའི་དམག་དོན་གྱི་ཐོག་དྲག་ཆས་སྤྲད་དེ་སྐབས་ཤིག་རིང་བོད་ཀྱི་མདོ་དབུས་ཁམས་གསུམ་ཡོངས་རྫོགས་དམག་དཔུང་གིས་ཁ་ལོ་བསྒྱུད་ཡོད་”ཅེས་སོགས་འཁོད་འདུག

“ཞིབ་འཇུག་སྙན་ཐོ་ཁག་ནས་ཤེས་རྟགས་བྱུང་བ་ལྟར་ན། མ་མཐར་ཡང་སྐབས་དེར་བོད་མི་༢༢༥ ཙམ་གྱི་ཚེ་སྲོག་ཤོར་བ་དང་། ༦༨༠ ལྷག་ཙམ་འཇུ་བཟུང་། ༥༡༠ ལ་དུས་བཀག་ཁྲིམས་ཐག་བཅད་ཡོད་”ཅེས་འཁོད་འདུག

དེ་བཞིན་ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༦ ཀློག་གྲངས།