གཙུག་ལག་སློབ་གཉེར་ཁང་ཞིག་གིས་བུད་མེད་སློབ་འཇུག་ཚད་བཀག་བྱས་པར་དགོངས་སེལ་ཞུས་འདུག

ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་སྨན་པའི་གཙུག་ལག་སློབ་གཉེར་ཁང་གིས་ལོ་མང་རིང་། བུད་མེད་སློབ་མ་སློབ་འཇུག་ཚད་བཀག་བྱས་པའི་གནས་ཚུལ་ཕྱིར་ཐོན་རྗེས། རྒྱལ་ཁབ་དེའི་ནང་གླེང་སློང་དང་སྐྱོན་བརྗོད་ཆེན་པོ་བྱུང་ནས་གཙུག་ལག་སློབ་གཉེར་ཁང་དེས་དགོངས་སེལ་ཞུས་འདུག

ཟླ་༨ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།  ཟླ་༨ པའི་ཚེས་༢ ཉིན་ཉི་ཧོང་གི་སྙན་གྲགས་ཆེ་གྲས་ཀྱི་ཊོག་ཡོའི་སྨན་པའི་གཙུག་ལག་སློབ་གཉེར་ཁང་གིས། ལོ་རེའི་བུད་མེད་སློབ་མ་སློབ་འཇུག་བརྒྱ་ཆ་༣༠ ལས་ཉུང་བ་ཡོང་ཆེད། བུད་མེད་ཚོའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་བཟོ་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱལ་ཁབ་དེའི་ནང་གནས་ཚུལ་དེར་སྐྱོན་བརྗོད་དང་གླེང་སློང་ཆེན་པོ་བྱུང་འདུག སྐབས་དེར་གཙུག་ལག་སློབ་གཉེར་ཁང་དེས་ཕོ་མོ་དབྱེ་འབྱེད་ཀྱི་གནས་ཚུལ་དེར་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་བརྗོད་རྗེས། ཟླ་༨ པའི་ཚེས་༨ ཉིན་ཞིབ་འཇུག་གི་གྲུབ་དོན་དུ་ཕྱི་ལོ་༢༠༠༦ ལོའི་སྔོན་ནས། སློབ་འཇུག་གི་ཆེད་དུ་ཡིག་ཚད་གཏོང་མཁན་བུད་མེད་སློབ་མ་རྣམས་ཀྱི་བརྒྱ་ཆར་བཟོ་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་རྙེད་སོན་བྱུང་ནས། གཙུག་ལག་སློབ་གཉེར་ཁང་དེས་མང་ཚོགས་ལ་དགོངས་སེལ་ཞུས་ནས་ལོ་རྗེས་མའི་ཡིག་རྒྱུགས་དེ་དྲང་བདེན་བྱེད་རྒྱུའི་ཁས་ལེན་བྱས་འདུག

གཙུག་ལག་སློབ་གཉེར་ཁང་དེས་སློབ་གཉེར་ཁང་དེར་ཞལ་འདེབས་རྒྱག་མཁན་སློབ་ཕྲུག་༡༩ ཡི་བརྒྱ་ཆར་སྐར་མ་སྣོན་འཇུག་བྱས་པ་དང་། དེ་བཞིན་སློབ་གཉེར་ཁང་དེར་སློབ་འཇུག་ཡིག་ཚད་ཉུང་མཐར་ཐེངས་༤ བཏང་མཁན་སློབ་མ་བུ་ཡི་བརྒྱ་ཆ་མར་བཅག་ཡོད་པར་ཁས་ལེན་བྱས་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བུད་མེད་སློབ་མ་མང་པོ་ཞིག་སློབ་མཐར་ཕྱིན་རྗེས། ཕྲུ་གུ་བཙའ་བ་དང་གསོ་སྐྱོང་བྱེད་ཆེད། སྨན་པའི་ལས་ཀ་མུ་མཐུད་བྱེད་ཀྱི་མེད་པས། གཙུག་ལག་སློབ་གཉེར་ཁང་དེའི་ལས་བྱེད་ཚོས་བུད་མེད་སློབ་མ་ཉུང་དུ་གཏོང་བའི་བྱ་སྤྱོད་དེར་ཁུ་སིམ་པོའི་ཐོག་བསམ་ཤེས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ལོ་འདིའི་ནང་ཡིག་རྒྱུགས་ཀྱི་རིམ་པ་གཉིས་སོང་རྗེས།  སློབ་འཇུག་བྱས་པའི་བུད་མེད་ཀྱི་ཁ་གྲངས་ནི་༣༠ ཡིན་འདུག་པ་དང་། སྐྱེས་པ་༡༤༡ ཡིན་འདུག

ཉི་ཧོང་ནང་རྒྱུན་རིང་ནས་ཆེད་ལས་པའི་ལས་གནས་མང་པོ་ཞིག་ནང་བུད་མེད་ཀྱི་བརྒྱ་ཆ་ཉུང་ཉུང་ཡིན་འདུག་པ་དང་། ཉམས་ཞིབ་པས་བརྗོད་དོན་ལྟར་ན། གྲོས་ཚོགས་མི་སྣ་དང་ལས་བྱེད་རྒན་གྲས། དེ་བཞིན་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ལ་བུད་མེད་བརྒྱ་ཆ་༡༢ ལས་མེད་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣ ཀློག་གྲངས།