བྲོས་བྱོལ་ཡོང་བའི་ཉིན་མོ་ནི་འཇིགས་སྐྲག་ཆེ་ཤོས་ཀྱི་ཉིན་མོ་ཡིན་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༥ པའི་ཕྱི་ཚེས་༡༧ ཉིན་བོད་ནས་བྲོས་བྱོལ་དུ་ཕེབས་པའི་ཉིན་མོ་དེ་ནི་ཁོང་གི་སྐུ་ཚེའི་ནང་གི་ཆེས་འཇིགས་སྐྲག་ཆེ་ཤོས་ཀྱི་ཉིན་མོ་དེ་ཡིན་ཞེས་རྒྱ་གར་གྷོ་ཝ་ས་གནས་སུ་གསུངས་ཡོད་འདུག

དེ་ཡང་༧གོང་ས་མཆོག་གིས་“སྐབས་དེ་དུས་སང་ཉིན་མཐོང་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་སྐྱེས་བྱུང་། རྒྱ་ནག་གི་གྲོང་སྲུང་དམག་མི་དང་ང་ཚོ་ཧ་ཅང་ཐག་ཉེ་པོ་རེད། དེར་བརྟེན་ང་ཚོ་ཁུ་སིམ་སིམ་ངང་ཡོང་ཡང་རྟའི་རྨིག་སྒྲ་ང་ཚོས་སྟངས་འཛིན་བྱེད་ཐབས་བྲལ་བ་རེད། ཕྱི་ཉིན་སྐྱ་རེངས་ཤར་དུས་ང་ཚོས་རི་བོ་ཞིག་བརྒལ་ཐུབ་སོང་། རེད་དེ། ད་དུང་རྒྱ་དམག་སླེབས་ནས་ང་ཚོ་བཀག་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་འཇིགས་སྐྲག་ཧ་ཅང་ཆེ་བའི་འགྲུལ་བཞུད་ཅིག་རེད། ངོས་རང་ལོ་༡༦ ཐོག་སོ་སོའི་རང་དབང་ཤོར། ལོ་༢༤ ཐོག་སོ་སོའི་རྒྱལ་ཁབ་ཤོར་བ་རེད་”ཅེས་སོགས་གསུངས་ཡོད་འདུག

ཡང་ཁོང་གིས་བོད་ནང་དཀའ་ངལ་དང་གཏོར་བཤིག་ཤུགས་དྲག་བྱུང་ཡོད་ཀྱང་། རྒྱ་ནག་མི་མང་གཏན་ནས་དགྲ་བོ་རུ་ངོས་འཛིན་བྱེད་ཀྱི་མེད་སྐོར་དང་སྦྲགས་གསུངས་དོན་དུ་“རྒྱ་ནག་གུང་ཁྲན་ཏང་གི་ནུས་པ་དེ་དམག་ཤུགས་ལས་བྱུང་བ་རེད། ང་ཚོའི་ནུས་པ་དེ་དྲང་བདེན་ལས་བྱུང་བ་རེད། གནས་སྐབས་རིང་མེ་མདའི་ནུས་པ་དེ་བཙན་ཡང་། མཐར་ཐུག་ལ་དྲང་བདེན་གྱི་ནུས་པ་དེ་མེ་མདའི་ནུས་པ་ལས་ཧ་ཅང་གིས་ཤུགས་ཆེ་གི་རེད། ང་ཚོས་ཁོང་ཚོར་གུས་ཞབས་བྱེད་ཀྱི་ཡོད། ང་ཚོས་ཁོང་ཚོར་སྤུན་ཟླ་མིང་སྲིང་གི་འདུ་ཤེས་འཛིན་གྱི་ཡོད་”ཅེས་སོགས་ཀྱང་གསུངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༤༢ ཀློག་གྲངས།