སྲིད་སྐྱོང་བློ་བཟང་སེང་གེ་ལ་ཆེ་བསྟོད་གཟེངས་རྟགས།

བྷེང་ལོར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེར་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག

ཟླ་འདིའི་ཕྱི་ཚེས་༩ ཡི་ཉིན་རྒྱབ་ཏུ་རྒྱ་གར་ཀར་ན་ཊ་ཀའི་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཡོད་པའི་སི་ཨེམ་ཨར་ཁྲིམས་ལུགས་གཙུག་ལག་སློབ་གྲྭས་(CMR law school) བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གདན་ཞུ་གནང་བ་དང་སྟབས་བསྟུན་ཏེ། སྦེང་ལོར་བོད་མིའི་ས་གནས་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་དང་སྲིད་སྐྱོང་གི་ལས་འཁུར་བཞེས་ནས་ལོ་༧ འཁོར་བ་ལ་ཐུགས་རྗེ་བཀའ་དྲིན་མཚོན་བྱེད་ཀྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད་འདུག

བྷེང་ལོར་བོད་མིའི་ས་གནས་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དྲུང་ཆེ་ཉི་འོད་ནས་མཛད་སྒོ་དེའི་ཐོག་ཏུ་སྲིད་སྐྱོང་ལ་ཆེ་བསྟོད་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་གསུང་དོན་དུ། སྲིད་སྐྱོང་བློ་བཟང་སེང་གེས་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་མི་ལོ་བདུན་ཏག་ཏག་འཁོར་ཡོད་པའི་ནང་ཁོང་གིས་སྐུ་ངལ་འཛེམས་མེད་ཀྱིས་བོད་དོན་ཐོག་སྐུ་ལས་བསྐྱོན་ཡོད་པ་དང་། ཁོང་གི་སྐབས་ནས་བོད་ཀྱི་མང་གཙོ་དེ་ཡང་མིང་དོན་མཚུངས་བའི་མང་གཙོའི་ལམ་དུ་ཤར་བསྐྱོད་ཐུབ་ཡོད་པ།       ལྷག་པར་དུ་ཁོང་གིས་ཤེས་ཡོན་ཡར་རྒྱས་གཏོང་ཕྱིར་མཛད་རྗེས་རླབས་ཆེན་བསྐྱངས་ཡོད་པ་མ་ཟད། བོད་རིགས་གཞོན་སྐྱེས་རྣམས་སྐྱེད་སྲིང་དང་ཁོང་ཚོར་མིག་དཔེ་བཟང་པོ་ཞིག་བཞག་ཐུབ་པ་བྱུང་ཡོད་པར་བརྟེན་གཟེངས་རྟགས་དེ་ཉིད་ཕུལ་བ་ཡིན་སྐོར་སོགས་བརྗོད་འདུག

གཞན་ཡང་སྦེང་ལོར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་གྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་རྒྱུར། ཆེ་བསྟོད་གཟེངས་རྟགས་དེ་ཉིད་ནི་གཙོ་བོ་སྲིད་སྐྱོང་གིས་ལས་ཁུར་དམ་འབུལ་ཞུས་ནས་བགྲང་བྱ་བདུན་ཧྲིལ་པོར་འཁོར་བར་བཀའ་དྲིན་ཚོར་བའི་སེམས་པའི་མཚོན་བྱེད་ཅིག་ཡིན་ཞིང་། ཁོང་གིས་ད་བར་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཐོག་གཉིས་སྨན་དབུ་མའི་ལམ་ལ་ཤར་བསྐྱོད་གནང་ཡོད་པ་མ་ཟད། བོད་ཕྱི་ནང་གཉིས་ཀ་དབུ་ཁྲིད་ཅིག་གི་འོག་ཏུ་ཡོད་པའི་འདུ་ཤེས་བྱིན་ནས་གོང་བུ་ཆིག་སྒྲིལ་གནང་ཡོད་པ། ཁོང་གིས་རང་ཉིད་ཀྱི་ཁེ་ཕན་བློས་བཏང་གནང་སྟེ་ཨ་རི་ནས་ཆེད་དུ་བཙན་བྱོལ་སྒྲིག་འཛུགས་ལ་སྲི་ཞུ་བསྒྲུབ་པར་ཕེབས་ནས་ད་བར་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་དེས་གཞོན་སྐྱེས་རྣམས་ལ་རང་གི་སྤྱི་ཚོགས་ལ་འགན་ཁུར་དགོས་པའི་སྐུལ་མ་ཐེབས་ཡོད་ཁར་མིག་དཔེ་ཧ་ཅང་བཟང་པོ་ཞིག་བཞག་ཡོད་སྐོར་བཅས་གསུངས་སོང་།

དེ་རིང་ཚེས་༡༠ ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག ཀར་ན་ཊ་ཀ་མངའ་སྡེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུའི་གཞུང་འབྲེལ་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ་དང་སྟབས་བསྟུན་ནས། ཁ་སང་ཉིན་རྒྱབ་སི་ཨེམ་ཨར་གཙུག་ལག་སློབ་གྲྭའི་དགེ་སློབ་དང་། ཚོགས་བཅར་བ། བོད་རིགས་ཁྲིམས་ལུགས་སློབ་མ་རྣམས་ལ་རྒྱ་གར་དང་བོད་ཀྱི་གནའ་བོའི་མཛའ་འབྲེལ་དང་ད་ལྟའི་མཐུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༤ ཀློག་གྲངས།