རྒྱ་ནག་ནང་ཁ་ཆེ་ལྷ་ཁང་ཞིག་གཏོར་བཤིག་འཆར་གཞི་ལ་ངོ་རྒོལ་བྱས་ཏེ་གནས་སྐབས་བཀག་འགོག་བྱས་ཐུབ་འདུག

རྒྱ་ནག་ནང་ཁ་ཆེ་ཧུ་མི་རིགས་ཀྱི་ས་གནས་ཤིག་གི་སྲིད་གཞུང་གིས། ཁ་ཆེའི་ལྷ་ཁང་ཞིག་གཏོར་བཤིག་གཏོང་ཐབས་བྱས་པར་མི་མང་གིས་ཞི་བའི་ངོ་རྒོལ་བྱས་པར་བརྟེན། ད་ལྟའི་ཆར་ལྷ་ཁང་དེ་གཏོར་བཤིག་བཏང་མེད་པའི་གནས་ཚུལ་ཐོན་འདུག

ཟླ་༨ པའི་ཚེས་༡༠ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ནཱི་ཤང་(Ning xia)རང་སྐྱོངས་ཁུལ་དུ། ཉེ་བའི་ཆར་གསར་དུ་འཛུགས་སྐྲུན་གྲུབ་པའི་ཁ་ཆེ་ཧུ་མི་རིགས་ཀྱི་ལྷ་ཁང་ཆེན་པོ་ཞིག་ས་གནས་སྲིད་གཞུང་གིས་གཏོར་བཤིག་གཏོང་གྲབས་བྱེད་སྐབས། མི་མང་བརྒྱ་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱས་འདུག་པས། ས་གནས་སྲིད་གཞུང་གིས་ལས་འགུལ་དེ་ཕྱིར་འགྱངས་བྱེད་དགོས་འཁེལ་ཡོད་འདུག གནད་དོན་དེས་ད་ལྟའི་ཆར་ཁ་ཆེ་ཡུ་གུར་མི་རིགས་ཙམ་མིན་པར། ཁ་ཆེ་ཧུ་མི་རིགས་ཀྱང་གཉའ་གནོན་དང་དམ་དྲག་འོག་གནས་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་འདུག

དེ་ཡང་དེ་སྔོན་རིག་གནས་གསར་བརྗེའི་སྐབས་སུ་ས་གནས་དེར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཁ་ཆེའི་ལྷ་ཁང་ཞིག་ཡོད་པ་དེ་གཏོར་བཤིག་སོང་ཡོད་པས། དེའི་སྒང་དུ་ཁ་ཆེ་ལྷ་ཁང་གསར་པ་ཆེན་པོ་དང་བརྗིད་ཉམས་ལྡན་པ་ཞིག་འཛུགས་སྐྲུན་བྱས་ཏེ། ལོ་སྔོན་མར་ལེགས་གྲུབ་བྱུང་ཡོད་ཀྱང་། ཉེ་ཆར་ཟླ་༨ པའི་ཚེས་༣ ཉིན་ས་གནས་སྲིད་གཞུང་གིས་ལྷ་ཁང་དེར་སྲིད་གཞུང་གིས་འཛུགས་སྐྲུན་གྱི་ཆོག་མཆན་སྤྲད་མེད་པས། ལྷ་ཁང་དེའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཟླ་༨ པའི་ཚེས་༡༠ ཡི་སྔོན་དུ་གཏོར་བཤིག་གཏོང་དགོས་པ་དང་། དེ་ལྟར་མ་བྱས་ཚེ་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་བཙན་དབང་ཐོག་ནས་གཏོར་བཤིག་གཏོང་རྒྱུ་ཡིན་པའི་གསལ་བརྡ་བཏང་ཡོད་སྟབས། ཟླ་༨ པའི་ཚེས་༩ ཉིན་གྱི་ཉིན་གུང་ཙམ་ནས་མི་མང་བརྒྱ་ཕྲག་མང་པོ་ལྷ་ཁང་གི་མདུན་དུ་འཛོམས་འདུག་པ་དང་། མཚན་གུང་མ་ཟིན་ཙམ་བར་དེ་གར་ཞི་བའི་ངང་བསྡད་ཡོད་འདུག མཚན་གུང་ཙམ་ལ་རྫོང་དཔོན་དེ་གར་སླེབས་ནས། སྲིད་གཞུང་གིས་ལྷ་ཁང་དེ་བསྐྱར་བཟོའི་འཆར་གཞི་ཞིག་ལ་མི་མང་གིས་མོས་མཐུན་མ་བྱུང་བར། ལྷ་ཁང་གཏོར་བཤིག་མི་བྱེད་པའི་ཁས་ལེན་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན་ལྟར་ན། དེ་སྔོན་ས་གནས་སྲིད་གཞུང་དང་ཁ་ཆེ་ཧུ་མི་རིགས་ཀྱི་འགོ་ཁྲིད་བར་ཉིན་ཤས་གྲོས་མོལ་བྱས་རྗེས། གཞུང་གིས་ལྷ་ཁང་ཐོག་གི་རྒྱ་ཕིབས་ཟླུམ་པོ་བརྒྱད་པོ་དེ་མེད་པ་བཟོ་རྒྱུ་ལས། ལྷ་ཁང་གཏོར་བཤིག་མི་གཏོང་བ་ཁས་ལེན་བྱས་ཡོད་འདུག འོན་ཀྱང་ཁ་ཆེ་ཧུ་མི་རིགས་མང་པོ་ཞིག་གིས་ཐག་གཅོད་དེར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག

ས་གནས་ཀྱི་ཡུལ་མི་ཞིག་གིས་ལྷ་ཁང་གཏོར་བཤིག་གཏོང་རྒྱུའི་བསམ་བློ་དེ་ནི་དབུས་སྲིད་གཞུང་གི་ཐག་གཅོད་མིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། དེ་ནི་ས་གནས་སྲིད་གཞུང་གིས་དབུས་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་མེད་པ་ཞིག་ཡིན་སྐོར་བརྗོད་འདུག

ལོ་མང་རིང་ཁ་ཆེ་ཧུ་མི་རིགས་ལ་ཆོས་དད་རང་དབང་ཆེན་པོ་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ཁ་ཆེ་ཡུ་གུར་མི་རིགས་ལ་དམ་དྲག་དང་གཉའ་གནོན་གྱི་ལས་འགུལ་ཚབས་ཆེ་རུ་གཏོང་བཞིན་ཡོད་པ་དང་བསྟུན་ནས། ཧུ་མི་རིགས་ལ་ཡང་དམིགས་འབེན་དུ་བཟུང་འགོ་བཙུགས་ཡོད་འདུག དེ་ཡང་ནཱི་ཤང་རང་སྐྱོང་ཁུལ་གྱི་ཁ་ཆེ་ལྷ་ཁང་མང་པོ་ཞིག་ལ་ཨ་རབ་ཀྱི་སྐད་ཡིག་འཛིན་གྲྭ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་འདུག་པ་མ་ཟད། སྒེར་གྱི་ཨ་རབ་སྐད་ཡིག་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༨ ལོའི་མགོ་སྟོད་དུ་ཉུང་མཐར་ཁ་ཆེ་ལྷ་ཁང་གཉིས་ཀྱི་རྒྱ་ཕིབས་ཟླུམ་པོ་མེད་པ་བཟོས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༣༦ ཀློག་གྲངས།