བཙོ་ཐལ་ཡོད་པའི་བོད་སྨན་ལུས་ཁམས་ལ་གནོད་འཚེ་མེད་པ་བདེ་འཇགས་ཡིན།

བོད་སྨན་བསྟེན་ན་ལུས་ཁམས་ཀྱི་དབང་རྟེན་ལ་གནོད་འཚེ་མེད་པར་བདེ་འཇགས་ཀྱི་རང་བཞིན་བཟང་པོ་ཡིན་པ་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཀྱི་གྲུབ་དོན་ལས་བདེན་དཔང་ར་སྤྲོད་གསལ་པོ་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་ཉིན་རྒྱབ་ཏུ་དྷ་ས་སྨན་རྩིས་མཐོ་སློབ་ཀྱི་ཚོགས་ཁང་དུ། སྨན་རྩིས་ཁང་གིས་གཞུང་འབྲེལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་བརྒྱུད་རིམ་དང་། བཙོ་ཐལ་གྱི་ཕན་གནོད་ལ་ཚན་རིག་དང་མཐུན་པའི་ཉམས་ཞིབ་དང་དེའི་གྲུབ་དོན་བཅས་ཀྱི་ཐོག་གསལ་བཤད་གནང་སོང་།

སྐབས་དེར་དྷ་ས་སྨན་རྩིས་ཁང་གི་ཉམས་ཞིབ་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོས་བོད་སྨན་བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་ཐད་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱས་ནས་གྲུབ་དོན་ཅི་བྱུང་གི་སྐོར་ལ་གསུང་དོན་དུ། དེ་སྔོན་ཕྱི་ལོ་༢༠༠༣ དང་། ༢༠༠༩ བཅས་སུ་དྷ་ས་བོད་ཀྱི་སྨན་རྩིས་ཁང་དང་། ཨི་སི་རེལ་ཧཱ་རྡ་ཤ་རང་བྱུང་སྨན་གྱི་ཉམས་ཞིབ་ཁང་། དབྱིན་ཡུལ་ལཱི་ཝོར་པུལ་མཐོ་རིམ་སློབ་གྲྭའི་རྫས་སྦྱོར་སྡེ་ཚན། དབྱིན་ཡུལ་མཱན་ཅེ་སེ་ཊྲར་མཐོ་རིམ་སློབ་གྲྭའི་རྫས་སྦྱོར་སྡེ་ཚན། བདེ་ལེགས་སྨན་ཁང་བཅས་མཉམ་འབྲེལ་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཡང་ཡང་བྱས་ཀྱང་། ཉམས་ཞིབ་ཀྱི་གྲུབ་དོན་དུ་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུག་བསྲིངས་ནས་བསྟེན་ཡང་ལུས་ཁམས་ལ་དུག་ཤས་ཀྱི་གནོད་སྐྱོན་མངོན་གསལ་མེད་པ་མ་ཟད། སྤྱིར་བཏང་ལུས་པོའི་རྣམ་པ་དང་། མཁལ་མཆིན་གྱི་བྱེད་ནུས། གལ་ཆེའི་དབང་རྟེན་ཁག་གི་ཕུང་གྲུབ་རིག་པའི་ཐོག་ལ་ཤུགས་རྐྱེན་མངོན་གསལ་མེད་པས། བཙོ་ཐལ་གྱི་ཟུར་ཕོག་མེད་ཁར་བདེ་འཇགས་རང་བཞིན་ལེགས་པོ་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་དང་། ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་ཀྱི་གྲུབ་འབྲས་སུ་བཙོ་ཐལ་ཡོད་པའི་བོད་སྨན་བསྟེན་ན་ལུས་ཁམས་ཀྱིས་དབང་རྟེན་ལ་གནོད་འཚེ་མེད་པ་བདེ་འཇགས་ཀྱི་རང་བཞིན་བཟང་པོ་ལྡན་པའི་བདེན་དཔང་ར་སྤྲོད་གསལ་པོ་བྱུང་ཡོད། ཉམས་ཞིབ་ཐེངས་གཉིས་པའི་སྐབས་སུ་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་པས་ཤེས་རྟོགས་ཀྱི་ནུས་པར་ཕན་ནུས་ཐོན་ཡོད་པའང་གསལ་ཡོད། ཅེས་གསུངས་སོང་བ་མ་ཟད། ཚན་རིག་གི་ཐོག་ནས་ཉམས་ཞིབ་བྱས་པར་བཙོ་ཐལ་ནང་དངུལ་ཆུ་ཚད་གཞི་ལས་བརྒལ་བ་མེད་པ་གྲུབ་དོན་བྱུང་སྐོར། སྔ་ཕྱིར་ཚན་རིག་པ་སྒེར་པ་ཁག་དང་མཉམ་འབྲེལ་གྱིས་ཉམས་ཞིབ་བྱས་ཀྱང་གྲུབ་དོན་ཡག་པོ་བྱུང་སྐོར་སོགས་གསུངས་སོང་།

དེ་རྗེས་དྷ་ས་སྨན་རྩིས་ཁང་གི་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་བརྒྱུད་རིམ་གྱི་སྐོར་ལ་གསུང་དོན་དུ་“དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་དེ་ནི་སྔ་རབས་སྨན་གྱི་མཁས་དབང་རྣམས་ཀྱི་ཞལ་དང་སྙན་དུ་བརྒྱུད་ཅིང་མྱོང་བས་གྲུབ་པའི་སྲོལ་རྒྱུན་གྱི་ཕྱག་ལེན་ཁྱད་དུ་འཕགས་པ་ཞིག་ཡིན། དངུལ་ཆུ་ནི་བཅུད་ལེན་དང་སྨན་ཐམས་ཅད་ཀྱི་གཙོ་བོ་ཞིག་ཡིན་ཞིང་། ནུས་པའང་གཞན་ལས་ལྷག་པ་ཡོད་ཀྱང་དེའི་གཡའ་དང་། ལྕི་འབིགས། རྩིའི་རྩུབ་ཀྱི་དུག་རྣམས་ལེགས་པར་མ་བཏོན་ན་དུག་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་ཞེས། ཁོང་དུ་ཤོར་ན་ཚེ་སྲོག་ལ་རྒོལ་ཞིང་། ལུས་ལ་ནད་སྣ་ཚོགས་པ་བྱུང་བ་སོགས་ཉེས་སྐྱོན་གྱི་ཆ་དུ་མ་གསུངས་ཡོད། དེ་ཡང་དངུལ་ཆུ་རགས་པ་དེ་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་གྱི་ངོ་བོར་འགྱུར་ཐབས་ཀྱི་ཕྱག་ལེན་དེར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཞེས་ཡོངས་སུ་གྲགས་པ་དང་། དངུལ་ཆུ་བཙོ་བཀྲུ་སྦྱངས་གསུམ་གྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་རིམ་པ་བཞིན་གསུངས་ཡོད་”ཅེས་སོགས་གསུངས་སོང་། དེ་བཞིན་ཁོང་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་དུས་རབས་༧ པའི་ནང་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་དུས་སུ་ཀོང་ཡུལ་ནས་དངུལ་ཆུ་བཞེས་ཏེ། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་རྫས་འདུལ་དང་སྔགས་འདུལ་གྱི་ལག་ལེན་སྤེལ་བར་མཛད་ཡོད་པ་དང་། བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནས་༧གོང་ས་མཆོག་གི་དགོངས་བཞེད་ལྟར་ཕྱི་ལོ་༡༩༨༢ དང་། ༡༩༨༧། ༡༩༩༤། ༢༠༠༡། ༢༠༠༨། ༢༠༡༡། ༢༠༡༤ བཅས་སུ་རིམ་པས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཐེངས་བདུན་ལམ་ལྷོངས་ལྡན་པའི་ངང་སྒྲུབ་ཐུབ་པ་བྱུང་ཡོད་སྐོར་དང་སྦྲགས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་རྒྱུད་རིམ་གྱི་སྐོར་ལ་གསུངས་སོང་བ་མ་ཟད། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྲུབ་རྗེས་དུག་སེལ་གཙང་མ་བྱས་ཡོད་པའི་ར་སྤྲོད་དུ་ཕྱི་ལུགས་ལྟར་ཙི་ཙི་སོགས་དུད་འགྲོ་སེམས་ཅན་ལ་སྨན་སྤྲོད་པའི་ལམ་སྲོལ་བཞིན་མ་ཡིན་པར། བཙོ་བཀྲུ་བྱེད་མཁན་རང་ཉིད་ཀྱིས་ཐོག་མར་འཐུང་བའི་ཕྱག་བཞེས་ཡོད་པ་བཞིན་བྱེད་མུས་ཡིན་སྐོར་ཡང་གསུངས་སོང་།

མཇུག་ཏུ་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་གྱིས། བོད་ཀྱི་གསོ་བ་རིག་པའི་སྨན་རྣམས་ལ་རླན་གཤེར་གྱིས་སྐྱོན་མ་ཤོར་ཚེ་དུས་ཡུན་རྫོགས་རྒྱུ་མེད་སྐོར་དང་། ཚན་རིག་པ་ཚོས་དངུལ་ཆུ་(mercury)ཡི་གནོད་སྐྱོན་ལས་དགེ་ཕན་གྱི་སྐོར་ལ་ཤེས་ཀྱི་མེད་པ་དང་། དངོས་པོ་རེ་རེའི་སྟེང་གི་ནུས་པ་ཆ་ཚང་བ་ཤེས་ཐུབ་རྒྱུ་ཁག་པོ་ཡིན་སྐོར།  གཅན་གཟན་སྟག་ཡིན་ཡང་གོམས་གཤིས་བསླབས་ནས་སྒོ་ཕྱུག་སེམས་ཅན་དུ་བསྒྱུར་ནུས་ཀྱི་ཡོད་པ་བཞིན། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་བརྒྱུད་རིམ་ལས་དུག་སེལ་གཙང་མ་བྱས་ནས་ཕྱི་ནང་གི་ནད་པ་མང་པོ་དེང་དུས་ཀྱི་སྨན་བསྟེན་ནས་དྲག་བསྐྱེད་མ་བྱུང་བ་བོད་སྨན་ལས་དྲག་བསྐྱེད་བྱུང་གི་ཡོད་སྐོར། གཞན་ཡང་མཆིན་པའི་གཉན་ཚད་ན་ཚ་ཕོག་མཁན་ཕྱི་ལུགས་སྨན་ལས་དྲག་བསྐྱེད་བྱུང་མ་ཐུབ་ནས་སྨན་པས་ཚེ་ཚད་སྤྲད་ཟིན་པ་རྣམས་བོད་སྨན་ལས་གསོན་པོར་འཚོ་གནས་ཐུབ་པ་བྱུང་སྐོར་གསུངས་སོང་བ་མ་ཟད། ཉམས་ཞིབ་ཚད་ལྡན་མེད་པར་ཧོལ་ཚོད་ཀྱིས་བྱ་སྤྱོད་སྤེལ་མི་རུང་བའི་སྐོར་སོགས་ལ་གསུངས་དོན་དུ་“མི་སུ་ཞིག་བོད་ཀྱི་གསོ་བ་རིག་པར་ཉམས་ཞིབ་བྱེད་མཁན་ཡིན་ན་འདྲ། དགའ་ཞེན་བྱེད་མཁན་ཡིན་ན་འདྲ། སློབ་སྦྱོང་བྱེད་མཁན་ཡིན་ན་འདྲ། མི་སུ་དང་སུ་ཡིན་ན་ཡང་བློ་གཟུ་བོར་གནས་ཏེ་སྐད་ཆ་བཤད་དགོས་རེད་མ་གཏོགས། རྒྱུ་མཚན་ཁུངས་དག་གང་བསྟན་རྒྱུ་མེད་པ་ཞིག་ལ་གཅིག་བྱས་པ་ཡིན། གཅིག་འདུག་ཟེར་ནས་ཧོལ་ཚོད་དང་ཧོལ་རྒྱུག་གི་ཐོག་ནས་ཡིག་ཆ་མང་པོ་སྤེལ་བ་ཡིན་ན་ང་ཚོར་གནོན་ཤུགས་ཆེན་པོ་དེ་དྲག་པོའི་གནོན་ཤུགས་འདྲ་པོ་ཆགས་འགྲོ་ཡི་ཡོད་རེད། རིག་གཞུང་ཞིག་ཉམས་ཀྱི་ཡོད་རེད། ག་རེ་བྱས་ནས་ཉམས་ཀྱི་ཡོད་རེད་ཟེར་ན་དེ་མ་རེད། དེ་མི་འདུག་ཟེར་ཁོང་ཚོས་ང་ཚོར་བརྡར་ཤ་བཅད་ནས་གནས་ཚུལ་དེ་འདྲ་ཞིག་ཡོད་ན་ང་ཚོ་ཕན་ཚུན་ལ་བགྲོ་གླེང་བྱེད། བརྡར་ཤ་གཅོད། མཐོང་རྒྱུ་ཡོད་པ་བསྟན། སྒྲུབ་བྱེད་ཡོད་པ་སྒྲུབ། སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་རེད། དེ་མ་གཏོགས། དེ་ག་ཙམ་ཁུངས་ཡོད་ལ་མེད་ལ་གཅིག་གི་ཐོག་ནས་ཉམས་ཞིབ་འདྲ་པོ་བྱེད། ཤོག་བུ་འདྲ་པོ་ཞིག་བཏོན། དེ་ཡོངས་གྲགས་ཀྱི་དུས་དེབ་སྐད་གྲགས་ཆེན་པོའི་མི་དུང་ཕྱུར་དང་ས་ཡ་མང་པོ་བལྟ་ཀློག་བྱས་ནས་དེའི་ནང་གི་ཚིག་ཡག་ཉེས་གང་འདྲ་ཞིག་ཡིན་ན་ཡང་དེར་ཡིད་ཆེས་བྱེད་ཀྱི་ཡོད་དུས་ཇུས་ངན་བཤམས་པ་དེས་ང་ཚོའི་གསོ་བ་རིག་པའི་ཐོག་ལ་སྐད་ཆ་དེ་ཐལ་ཆ་ཆེན་པོ་ཆགས་ཀྱི་ཡོད་རེད། དེའི་རྒྱུ་མཚན་གང་ཡིན་ཟེར་ན་ཚན་རིག་པས་བརྟག་དཔྱད་བྱས་ནས་བཤད་པ་རེད་ཟེར་དུས་མི་གཞན་གྱིས་ཧ་ལས་པའི་ཡིད་ཆེས་བྱེད་ཀྱི་ཡོད་རེད།”ཅེས་དང་། “ང་ཚོ་བོད་ཀྱི་གསོ་བ་རིག་པ་དེ་མི་ལོ་༤༠༠༠ ལྷག་གི་ཚད་ལྡན་གྱི་ལོ་རྒྱུས་ལྡན་པའི་གཞུང་ལུགས་ཤིག་རེད་མ་གཏོགས། ཆ་ཚང་ལ་མ་ཚང་ལ་མགོ་འཇུག་མེད་པ་དེ་འདྲ་མ་རེད། སློབ་སྦྱོང་དང་དེང་དུས་ཀྱི་ཚན་རིག་པའི་ཉམས་ཞིབ་ཚང་མ་བོད་ཀྱི་སྨན་གཞུང་ནང་མ་ཚང་བ་གཅིག་ཀྱང་ཡོད་མ་རེད་དྲན་གྱི་འདུག”ཅེས་ཀྱང་གསུངས་སོང་།

དེ་བཞིན་ཁོང་གིས་དངུལ་ཆུའི་བཙོ་ཐལ་དང་འབྲེལ་ནས་གསུངས་དོན་དུ་“སྤྱིར་བཏང་འཛམ་བུའི་གླིང་ནང་མི་ཚང་མས་ཡོངས་གྲགས་ཐོག་དངུལ་ཆུ་དུག་ཡིན་པ་ཚང་མས་ཁས་ལེན་བྱེད་ཀྱི་ཡོད་རེད། ཤེས་ཀྱི་ཡོད་རེད། ང་ཚོས་ཡིན་ན་ཡང་ཤེས་ཀྱི་ཡོད་རེད། ད་ལྟ་དུས་རབས་༢༡ པར་སྐད་ཆ་དེ་འཁུར་ཡོང་གི་ཡོད་རེད། ང་ཚོར་དུས་རབས་༢༡ གི་སྔོན་ནས་ལོ་༤༠༠༠ གོང་གི་ལོ་རྒྱུས་ཤིག་ཡོད་རེད། དངུལ་ཆུ་དུག་ཡིན་པ་ཤེས་ཀྱི་ཡོད་རེད། སྨན་ལ་འགྲོ་ཐུབ་པ་ཤེས་ཀྱི་ཡོད་རེད། སྨན་ལ་འགྲོ་རྒྱུ་ཡོད་པ་ཤེས་ཀྱི་ཡོད་རེད། སྔོན་མ་དེ་བར་ལྷ་རྗེ་བསྟན་འཛིན་ཆོས་གྲགས་ཀྱིས་གསུངས་མྱོང་། རྒྱ་མིའི་གཏམ་དཔེ་ཞིག་ལ་གསེར་ནམ་ཡང་ཐལ་བ་བཟོ་ཐུབ་ཀྱི་མ་རེད་ཟེར། ཁོ་རང་ཚོའི་གཏམ་བཤད་སྟངས་ཁོ་རང་དེ་འདྲ་རེད་ཟེར། གསེར་ཟེར་བ་དེ་རྡོག་རྡོག་རེད་མ་གཏོགས་ཐལ་བ་བཟོ་ཐུབ་ཀྱི་མ་རེད། དངུལ་ཆུ་དེ་དངུལ་ཆུའི་element ནང་བསྡད་ཀྱི་རེད་མ་གཏོགས་དངུལ་ཆུ་འགྱུར་རྒྱུ་ཡོད་མ་རེད་ཟེར་བཤད་བསྡད་ཀྱི་ཡོད་རེད། གསེར་ལ་བསྲེགས་བཅད་བརྡར་གསུམ་ག་རེ་བྱས་ན་ཡང་ཐལ་བ་བཟོ་རྒྱུ་ཡོད་མ་རེད་ཟེར་གྱི་ཡོད་རེད། ཡིན་ན་ཡང་། ང་ཚོས་བཙོ་ཐལ་བཟོ་དུས་གསེར་ཐལ་བ་བཟོ་ཡི་ཡོད་རེད། གསེར་ཐལ་ཟེར་མིང་བཏགས་ཀྱི་ཡོད་རེད། དེར་བརྟེན་རྒྱ་མིས་ལབ་རྒྱུ་གང་བྱུང་ཡོད་མ་རེད་”ཅེས་དང་། དངུལ་ཆུ་བཙོ་བཀྲུ་ལེགས་པར་གྲུབ་རྗེས་སྨན་ཡང་ནུས་པ་ལྡན་པ་ཡོང་གི་ཡོད་སྐོར་དང་། རིན་ཆེན་རིལ་བུ་ལྟ་བུས་འཕྲལ་གྱི་ན་ཚ་སེལ་བར་ཕན་ཐོགས་ཁར་ན་ཚ་མེད་མཁན་གྱིས་བཟའ་ནའང་ཕུགས་སུ་འབྱུང་ཁམས་ལ་ཕན་ཐོགས་ཡོད་སྐོར་གསུངས་སོགས་ཞིབ་རྒྱས་གསུངས་སོང་།

གཞན་ཡང་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟལ་༡༠ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་མཇལ་བཅར་སྐབས་༧གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་ཅིག་ལུང་འདྲེན་བྱས་པའི་ནང་། “ངོས་རང་འཕྲོད་བསྟེན་བརྟག་དཔྱད་བརྒྱུད་རིམ་ནང་ཕྱི་ལུགས་སྨན་པ་ཁ་ཤས་ནས་ངོས་ཀྱི་ཁྲག་ནང་དངུལ་ཆུའི་ཆ་འདྲ་པོ་ཐོན་གྱི་ཡོད་པ་གསུང་གི་འདུག ངོས་རང་ནས་ཁོང་ཚོར་རྐང་ཚུགས་ནས་བཏང་གི་ཡོད་ལབ་ཀྱི་ཡོད། ང་ཚོས་དུག་བཏོན་ཟིན་པའི་དངུལ་ཆུ་(བཙོ་ཐལ་)བེད་སྤྱོད་བྱ་ཡི་ཡོད་པ་ལས་དུག་བཏོན་མ་ཟིན་པའི་དངུལ་ཆུ་ཞིག་བེད་སྤྱོད་བྱ་ཡི་མེད། བྱང་ཙང་ངོས་ནས་བགྲང་བྱ་བཞི་བཅུ་ལྔ་བཅུའི་རིང་བཙོ་ཐལ་ཡོད་པའི་བོད་སྨན་མུ་མཐུད་བེད་སྤྱོད་བྱས་པ་ཡིན་ཡང་དངུལ་ཆུའི་དུག་ཤས་ཅན་གྱི་མངོན་ཚུལ་ལམ་རྟགས་མཚན་འདྲ་པོ་གང་ཡང་མངོན་གསལ་མི་འདུག་”གསུངས་ཡོད་འདུག

ཉེ་ཆར་ཨ་རིའི་རྫས་སྦྱོར་ཚོགས་པ་ཞིག་གིས་བོད་མཐོ་སྒང་གི་ཁོར་ཡུག་དེ་ཧ་ཅང་གཙང་མ་དང་ཁམས་དྭངས་མ་འབག་བཙོག་གིས་དེ་ཙམ་མ་གོས་པ་ཞིག་ཏུ་སྙམ་གྱི་ཡོད་ཀྱང་། ཉམས་ཞིབ་པ་རྣམས་ཀྱིས་བོད་སྨན་ལས་བོད་ཀྱི་སྣོད་བཅུད་གཉིས་ཀར་དངུལ་ཆུའི་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༠ ཀློག་གྲངས།