ཨི་ཛེ་རིལ་ཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་བཟོས་པར་ངོ་རྒོལ་ལས་འགུལ་སྤེལ་འདུག

ཨི་ཛེ་རིལ་གྱི་གྲོས་ཚོགས་ནང་རྒྱལ་ཁབ་དེ་ནི་ཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཡིན་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པས། རྒྱལ་ཁབ་དེའི་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་གཙོས་པས་ཇེའུ་མི་རིགས་སོགས་ཀྱིས་ཁྲིམས་དེ་ཕྱིར་བསྡུ་བྱེད་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག

ཟླ་༨ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་བ་སྔོན་མར་ཨི་ཛེ་རིལ་གྱི་སྲིད་བློན་ནཱེ་ཏན་ཡུ་ཡིས་གྲོས་ཆོད་བཏོན་པ་ལྟར། གྲོས་ཚོགས་ནང་ཨེ་ཛེ་རིལ་རྒྱལ་ཁབ་དེ་ཇེའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཡིན་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པ་རེད། དེ་སྔོན་རྒྱལ་ཁབ་ཀྱི་སྐད་ཡིག་ནི་ཧཱི་བྷེ་རུ་དང་ཨ་རབ་བྷེག་གཉིས་ཀར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དེ། ཁྲིམས་འཆར་དེའི་ནང་རྒྱལ་ཁབ་ཀྱི་སྐད་ཡིག་ནི་ཧཱི་བྷེ་རུ་ཡིན་པ་བཟོས་ཡོད་པ་དང་། དེ་བཞིན་དབང་སྒྱུར་བྱས་པའི་པཱེ་ལི་སེ་ཐན་གྱི་ས་ཁུལ་ཐོག་གི་ཨི་ཛེ་རིལ་གཞིས་སྒར་རྣམས་སྲུང་སྐྱོབ་བྱེད་དགོས་པ་སོགས་འཁོད་ཡོད་འདུག

ཨི་ཛེ་རིལ་ནང་མི་འབོར་མང་ཤོས་ནི་ཇིའུ་མི་རིགས་ཡིན་པས། གྲངས་ཉུང་མི་རིགས་པཱེ་ལི་སེ་ཐན་དང་གཞན་རྣམས་ལ་དེ་སྔོན་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་ཡོད་ཀྱང་། ལས་ཀ་འཚོལ་ཞིབ་སོགས་ཀྱི་ཐད་ལ་མི་རིགས་དབྱེ་འབྱེད་ཆེན་པོ་ཡོད་པ་རེད། ཐེངས་འདིར་ཁྲིམས་ཐོག་ནས་རྒྱལ་ཁབ་དེ་ཇེའུ་རྒྱལ་ཁབ་ལ་ངོས་འཛིན་བྱེད་དུས། གྲངས་ཉུང་མི་རིགས་རྣམས་མི་སེར་དམན་པ་ཆགས་ཀྱི་ཡོད་པའི་སེམས་འཚབ་ཀྱིས། གྲོང་ཁྱེར་ཊེལ་ཨ་ཝི་ལ་མི་མང་སྟོང་ཕྲག་མང་པོས་ཁྲིམས་དེ་ཕྱིར་བསྡུ་དགོས་པའི་ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་འདུག

ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་པཱེ་ལི་སེ་ཐན་མི་རིགས་ཡིན་ཡང་ཨེ་ཛི་རིལ་གྱི་མི་སེར་ཡིན་མཁན་དང་། གྲངས་ཉུང་མི་རིགས་གཞན། དེ་བཞིན་ཇེའུ་མི་རིགས་ཀྱང་ཡོད་འདུག ལས་འགུལ་བ་ཞིག་གིས་ལས་འགུལ་དེ་ནི་ཐེངས་དང་པོར་ཇེའུ་མི་རིགས་དང་པཱེ་ལི་སེ་ཐན་མི་རིགས་གཉིས་ཀྱིས་མཉམ་དུ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་ཡིན་པས། མང་གཙོ་དང་འདྲ་མཉམ་ལ་ཡིད་ཆེས་ཡོད་མཁན་ཚོར་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྐོར་བརྗོད་འདུག

ལས་འགུལ་བའི་ཁྲོད་ཇེའུ་མི་རིགས་ཤིག་གིས་ཨི་ཛེ་རིལ་ནང་གྲངས་ཉུང་མི་རིགས་ཚང་མར། ཇེའུ་མི་རིགས་དང་འདྲ་མཉམ་བརྩི་དགོས་པ་དེ་ནི་ཁོ་ཚོའི་ཐོབ་ཐང་ཡིན་སྐོར་བརྗོད་འདུག  ལས་འགུལ་བ་ཁག་ཅིག་གིས་ཐེངས་འདིའི་ཁྲིམས་ཙམ་མ་ཡིན་པར། ཨཱི་ཛེ་རིལ་རྒྱལ་ཁབ་ནང་མང་གཙོ་དང་མི་མཐུན་པའི་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པ་དང་། གཞུང་དེ་ཡང་དབང་ཆ་གཅིག་སྡུད་ཅན་དུ་འགྱུར་བཞིན་འདུག་པས། དེ་དངོས་སུ་མི་ཆགས་པའི་ཆེད་དུ་ལས་འགུལ་ལ་མཉམ་ཞུགས་བྱས་པ་ཡིན་སྐོར་བརྗོད་འདུག

ཨི་ཛེར་རིལ་གྱི་སྲིད་བློན་ནཱི་ཏན་ཡུ་ཡིས། ལས་འགུལ་བ་ཚོར་སྐྱོན་བརྗོད་བྱས་ཡོད་པ་དང་། ལས་འགུལ་སྐབས་པཱེ་ལི་སི་ཐན་བཅིངས་གྲོལ་དམག་གི་དར་ཆ་འཁྱེར་མཁན་བྱུང་ཡོད་པར་དགག་པ་བརྒྱབ་ཡོད་འདུག ཁོང་གིས་ཨི་ཛེ་རིལ་ནི་ཇིའུ་དང་མང་གཙོའི་རྒྱལ་ཁབ་གཅིག་ཡིན་པ་དང་། མི་སེར་སྒེར་གྱི་ཐོབ་ཐང་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་ཁྲིམས་དང་ཁྲིམས་གཞན་ནང་འཁོད་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཨི་ཛེ་རིལ་ནང་པཱེ་ལི་སེ་ཐན་དང་གྲངས་ཉུང་མི་རིགས་གཞན་ཡིན་པའི་མི་སེར་ས་ཡ་༡.༨ ཙམ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༣༣༨ ཀློག་གྲངས།