བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་དེབ་ཁག་ལྔ་དབུ་འབྱེད།

གྲྭ་བཙུན་ཕུད་པའི་བོད་པའི་ནང་དཔེ་ཀློག་བྱེད་མཁན་གྲངས་ཀ་ཉུང་ཉུང་ཡིན་སྟབས། ཁྱིམ་ཚང་ནང་དུའང་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཡོང་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༤ ཡི་ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཡང་སྟེང་དུ་ཡོད་པའི་ཚོགས་ཁང་དུ། དཔེ་མཛོད་ཁང་ནས་བཏོན་པའི་དཔེ་དེབ་ཁག་༥ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་དབུ་འབྱེད་གནང་སོང་ཞིང་། སྐབས་དེར་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་དབུས་པའི་དྲུང་ཆེ་དང་། ལས་སློབ་ཁག་ཅིག་འཛོམས་འདུག

ད་ཐེངས་དབུ་འབྱེད་གནང་བའི་དཔེ་དེབ་ཁག་ལྔ་ནི་༧གོང་ས་མཆོག་གིས་མཛད་ཅིང་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཚེ་རིང་ནོར་བུས་དབྱིན་ཡིག་ནས་བསྒྱུར་བའི་དོན་དམ་པའི་ཆོས་ལུགས་མཛའ་འབྲེལ་ཞེས་པའི་དཔེ་དེབ་ཅིག་དང་། རྣམ་གྲྭ་ཐུབ་བསྟན་རྣམ་རྒྱལ་གྱིས་བརྩམས་པའི་དབུས་གཙང་སྡེ་གཟར་དང་འབྲེལ་བའི་དོན་གནད་ཁག་ཅིག་བསྐྱར་ཞིབ་ཞེས་པའི་དཔེ་དེབ། དེ་བཞིན་སྤོ་རོང་ཟླ་བ་དར་རྒྱས་ཀྱིས་བརྩམས་པའི་ཤོ་རྩེད་དང་ཤོ་བཤད། སུམྦྷ་མཁན་པོ་ཡེ་ཤེས་དཔལ་ལྡན་གྱིས་བརྩམས་པའི་སུམྦྷ་ཆོས་འབྱུང་། བློ་བཟང་བསྟན་པས་བརྩམས་པའི་མོན་གྱི་སྔ་མོའི་ལོ་རྒྱུས་ཞེས་པ་བཅས་རེད་འདུག

དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་དཔེ་དེབ་པར་སྐྲུན་བྱེད་པའི་དགོས་དམིགས་དང་འབྲེལ་ནས་གསུང་དོན་དུ་“སྤྱིར་བཏང་ང་ཚོ་དཔེ་མཛོད་ནས་དེབ་ཧ་ཅང་མང་པོ་པར་སྐྲུན་བྱེད་ཀྱི་ཡོད། ལྷག་པར་དུ་བོད་ཡིག་སྒང་ལ་ང་ཚོས་ཨུ་ཚུགས་བྱས་ནས་ཉོ་མཁན་ཡོད་མེད་དང་དེ་འདྲ་ལ་མ་ལྟོས་པར་པར་སྐྲུན་བྱེད་ཀྱི་ཡོད། དྲང་པོ་བཤད་ན་བོད་ཡིག་དེ་ཤི་འགྲོ་ཡི་ཡོད་རེད། དེར་བརྟེན་སྒྲུང་ཡིན་ན་རེད། ལོ་རྒྱུས་ཡིན་ན་རེད། ཆོས་འབྱུང་ཡིན་ན་རེད། རྒྱལ་རབས་ཡིན་ན་རེད། འདྲ་མི་འདྲ་ག་རེ་ཡིན་ན་འགྲོ་སོང་འདང་མ་འདང་ལ་མ་ལྟོས་པར། ཨུ་ཚུགས་བྱས་ནས་ལོ་མང་པོར་དཀའ་ལས་བརྒྱབས་ནས་དེའི་གྲུབ་འབྲས་ལ་དེབ་གང་ལ་གང་འཚམ་ཞིག་བལྟ་མཁན་དང་ཀློག་མཁན་ཡོད་ན་བལྟ་ཀློག་བྱེད་རྒྱུ་ཡོད་པ་ཞིག་བཟོས་ཡོད། དེ་གནད་འགག་ཧ་ཅང་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན་བོད་ཡིག་ཉི་མ་རེ་རེ་བཞིན་སྐྱོ་རུ་སྐྱོ་རུ་སོང་ནས་ང་ཚོ་ཕན་ཚུན་ལ་ཡི་གེ་གཏོང་རེས་བྱེད་དུས་དབྱིན་ཡིག་རྐྱང་རྐྱང་རེད་མ་གཏོགས་བོད་ཡིག་ཧ་ལམ་བརླག་རྒྱུའི་ཐག་ཆོད་ཚར་འདུག དེ་ལས་ཁུངས་སྒང་ནས་མར་འོག་བར་ཚང་མ་དེ་འདྲ་རེད་འདུག དེར་བརྟེན་དེར་ང་ཚོས་དོ་སྣང་བྱེད་དགོས་ཀྱི་འདུག”ཅེས་དང་། དེ་བཞིན་ཁོང་གིས་བོད་པའི་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ལ་སྣང་བ་སྐྱིད་པོ་བྱས་ནས་བསྡད་པ་ལས་གཞན་པའི་དཔེ་ཀློག་གི་གོམས་གཤིས་དེ་ཙམ་མེད་པ་དང་། གཞན་ཡང་བོད་མི་ཚོས་དྲ་རྒྱ་བརྒྱུད་ཕན་ཚུན་འབྲེལ་བ་བྱེད་སྐབས་ཀྱང་དོན་སྙིང་དེ་ཙམ་མེད་པའི་སྐད་ཆ་གླེང་ནས་བསྡད་པ་ལས་ཤེས་ཡོན་སྦྱངས་ནས་སྙིང་རུས་བྱེད་མཁན་ཉུང་ཉུང་ཡིན་སྐོར། ལྷག་པར་དུ་བོད་རང་བཙན་གཙང་མ་ཡིན་ཟེར་ནས་མཚམས་མཚམས་སུ་སྐད་འབོད་རྒྱག་པ་ཙམ་ལས་བོད་དོན་སྐོར་ལ་ཀློག་མཁན་ཉུང་ཉུང་དང་གོ་རྟོགས་ཡོད་མཁན་དེ་ཙམ་མེད་སྐོར་དང་སྦྲགས་དཔེ་ཀློག་གི་དགེ་མཚན་དང་ཕན་ནུས་ཀྱི་སྐོར་ལ་གསུངས་སོང་།

དེ་རྗེས་དཔེ་དེབ་དབུ་འབྱེད་གྲུབ་པ་དང་བསྟུན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་དཔེ་དེབ་རྩོམ་མཁན་དང་། ཕབ་སྒྱུར་གནང་མཁན། དེ་བཞིན་པར་སྐྲུན་གནང་མཁན་ཚང་མས་སྐུ་ལས་མང་པོ་བསྐྱོན་ནས་བྱུང་བ་ཞིག་ཡིན་སྟབས་ཚང་མར་འཚམས་འདྲི་དང་སྦྲགས་ལེགས་གསོའི་བསྔགས་བརྗོད་གནང་རྗེས་གསུང་དོན་དུ་“བོད་ཀྱི་དཔེ་མཛོད་ཁང་གིས་ཐོག་མའི་དམིགས་ཡུལ་ལ་གཞིགས་ནས་ད་བར་དུ་སྐད་ཡིག་གི་འཛིན་གྲྭ་དང་། ལོ་ཙཱ་བའི་སྦྱོང་བརྡར། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་དགེ་འདུན་པ་རྣམས་ལ་ཚན་རིག་སྦྱོང་བརྡར་གནང་བ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞི་རྩ་འཛིན་སྒྲིག་རོགས་གནང་བ་བཅས། ཕྱག་ལས་མང་པོ་ཞིག་བོད་ཀྱི་དཔེ་མཛོད་ཁང་ནས་གནང་དང་གནང་བཞིན་པ་རེད་འདུག དེའི་ཐོག་ལ་གུས་མོས་དེ་རིང་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་དཔེ་མཛོད་ཁང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དང་ཡི་རངས་ཡོད་ཞུ་བཞིན་ཡོད་”ཅེས་དང་། དེ་བཞིན་ཁོང་མོས་སྔོན་མར་ལོ་མང་གི་གོང་དུ་མི་སྐྱ་ཕོ་མོ་ཚོར་དཔེ་ཀློག་བྱེད་འདོད་ན་ཡང་རྒྱུ་ཆ་མེད་ནས་དཀའ་ངལ་ཡོད་ཀྱང་། ད་ཆ་བོད་ཀྱི་དཔེ་མཛོད་ཁང་རང་ནས་དཔེ་དེབ་༦༠༠ ཡས་མས་ཤིག་དཔར་སྐྲུན་བྱས་ཡོད་སྟབས། དཔེ་དེབ་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པ་དང་། ང་རང་ཚོའི་ངོས་ནས་དེ་དག་ཀློག་ཐུབ་རྒྱུ་གལ་ཆེ་སྐོར། གྲྭ་བཙུན་ཕུད་པའི་བོད་པའི་ནང་དཔེ་ཀློག་བྱེད་མཁན་གྲངས་ཀ་ཉུང་ཉུང་ཡིན་སྟབས་ཁྱིམ་ཚང་ནང་དུའང་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་སློབ་གྲྭའི་ནང་སྤྱིར་དཔེ་ཀློག་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཐོག་ནས་དཔེ་ཀློག་བྱེད་རྒྱུ་ཡར་རྒྱས་གཏོང་ཆེད་དུ་ཤེས་རིག་གི་ངོས་ནས་ལོ་ཤས་གོང་ནས་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ལས་གཞི་ཆེན་པོ་ཞིག་སྤེལ་ཡོད་སྐོར་དང་། དཔེ་ཀློག་གི་གོམས་གཤིས་དེ་ཆུང་དུས་ནས་ཡོང་ཐབས་བྱེད་དགོས་སྟབས་སློབ་གྲྭ་ཙམ་མིན་པར་ཕ་རྣམས་ཀྱིས་ཀྱང་འཁུར་བླངས་དགོས་སྐོར་དང་། ཕ་མ་༩༠༠ ཙམ་ལ་དེའི་ཐོག་ཟབ་སྦྱོང་ཕུལ་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་བ་ཚེ་རིང་ནོར་བུས་༧གོང་ས་མཆོག་ནས་མཛད་པའི་དོན་དམ་པའི་ཆོས་ལུགས་མཛའ་འབྲེལ་ཞེས་པའི་དཔེ་དེབ་དེ་བོད་སྒྱུར་ཞུས་པའི་དགོས་དམིགས་དང་དེའི་དོན་གནད་བཅས་ཀྱི་སྐོར་ལ་གསུངས་རྗེས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༦ ཀློག་གྲངས།