གཙང་བཟོའི་ལས་འགུལ་སྤེལ་ནས་རྒྱ་གར་རང་བཙན་ཉིན་མོ་སྲུང་རྩི་ཞུས་འདུག

ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་རང་བཙན་གྱི་ཉིན་མོ་ཐེངས་༧༢ པ་དང་སྟབས་བསྟུན་ནས། སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྦེང་ལོར་གྲོང་ཁྱེར་གྱི་མི་མང་འདུས་སྡོད་ཆེ་ཤོས་བྱེད་ཡུལ་བྷིར་གྷེ་ཌི་ལམ་ཁར་(Brigade Road) བོད་པའི་མཐོ་རིམ་སློབ་མ་ཚོས་གཙང་བཟོའི་ལམ་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་ཡང་ས་གནས་གཞོན་ནུའི་ཚོགས་གཙོ་ཟུར་པ་དཀོན་མཆོག་རིན་ཆེན་གྱིས་གཙང་བཟོའི་ལས་འགུལ་སྤེལ་དགོས་དོན་ནི།  ཕྱི་ལོ་༡༩༥༩ ལོ་ན་བཟུང་བོད་མི་རྣམས་ལ་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་སྟབས་ཐུགས་རྗེ་ཆེ་ཞུ་མཚོན་ཆེད་དུ་ཡིན་པ་དང་། དེ་ཡང་གཙང་བཟོའི་ལས་འགུལ་སྤེལ་དགོས་དོན་ནི་རྒྱ་གར་གྱི་ས་ཆ་གང་དུ་སོང་ཡང་གཙང་སྦྲ་ཡག་པོ་མེད་སྟབས་འབྱུང་འགྱུར་ལོ་བཅུ་ཉི་ཤུའི་ནང་རྒྱ་གར་གྱི་ཁོར་ཡུག་གཙང་མ་ཡོང་བར་སྐུལ་མ་ཐེབས་ཆེད་དུ་ཡིན་པ་དང་། དེར་རྒྱ་གར་བ་མང་པོ་ཞིག་དགའ་སྣང་ཆེན་པོ་བྱེད་ཀྱི་འདུག་སྐོར་བཅས་བརྗོད་བྱུང་བ་མ་ཟད།  སྐབས་དེར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ནས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་བཏང་བ་དང་། བོད་ནང་གི་ཆུ་བོ་འབག་བཙོག་བཟོ་དང་བཟོ་བཞིན་པའི་ཉེར་ལེན་ལས་སྤྱིར་ཨེ་ཤི་ཡ་དང་། ལྷག་པར་རྒྱ་གར་ལ་གནོད་སྐྱོན་ཡོང་གི་ཡོད་སྟབས་རྒྱ་གར་གྱི་ན་གཞོན་ཚོས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་སྤྲོད་རྒྱུ་གལ་གནད་ཡིན་སྐོར་དང་འབོད་བསྐུལ་ཞུས་སྐོར་བཅས་ཀྱང་བརྗོད་བྱུང་།

གཞན་ཡང་གཙང་བཟོའི་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་། མཐོ་རིམ་སློབ་མ་བཅས་ཀྱིས་སྐད་ཆ་དྲིས་པ་དང་། མཉམ་དུ་པར་རྒྱག་པ་བཅས་ཀྱི་ཐོག་ནས་དགའ་སྣང་ཆེན་པོ་བྱས་ཡོད་འདུག་པ་མ་ཟད། ཁག་ཅིག་གིས་ཁྱོད་ཚོ་ཉི་ཧོང་བ་ཡིན་ནམ་ཞེས་འདྲི་མཁན་བྱུང་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༦ ཀློག་གྲངས།