༧གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱིས་ཐུགས་གསོའི་གསུང་འཕྲིན་གནང་།

ལོ་ན་༩༣ ལ་སོན་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧཱ་རི་ཝ་ཇི་པ་ཡེ་ཟླ་༨ པའི་ཚེས་༡༦ ཉིན་གྲོངས་པར་བརྟེན། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱིས་ཐུགས་གསོའི་གསུང་འཕྲིན་གནང་འདུག

༧གོང་ས་མཆོག་གིས་འདས་པོ་ཁོང་གི་གསོས་ཕྲུག་ན་མི་ཏ་བྷ་ཊ་ཅརྱའི་མིང་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་འཁོད་དོན། ངོས་རང་ཨ་ཊལ་བྷི་ཧཱ་རི་ཝ་ཇི་པ་ཡེ་མཆོག་དང་ངོ་ཤེས་གྲོགས་པོ་ཆགས་པ་དེ་བསོད་བདེ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། དེ་སྔ་ཨ་ཊལ་བྷི་ཧཱ་རི་ཝ་ཇི་པ་ཡེ་མཆོག་གིས་ཕྱག་ལས་གནང་བཞིན་པའི་སྐབས་ངོས་གཉིས་རྒྱུན་དུ་ཐུག་འཕྲད་དང་། རྗེས་སུ་དམ་པ་དེ་ཉིད་རྒན་ཡོལ་ཞུས་རྗེས་ངོས་རང་མུ་མཐུད་ཁོང་གི་བཞུགས་ཤག་ཏུ་ཐུག་འཕྲད་དུ་ཕྱིན་པ་ཡིན། ཨ་ཊལ་བྷི་ཧཱ་རི་ཝ་ཇི་པ་ཡེ་མཆོག་ནི། བློ་རྩེ་གཅིག་གཏོད་དང་འགན་ཁུར་ཅན་གྱི་སྲིད་དོན་པ་ཞིག་རེད། དམ་པ་དེ་ཉིད་སྐུ་ཚེ་འཕེན་པ་རྫོགས་པ་ནི་རྒྱ་གར་ལ་མཚོན་ན་ཧ་ཅང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་མེད་པ་ཆགས་པ་རེད། ཕྱི་ལོ་༡༩༥༠ སྨད་ཙམ་ནས་ཨ་ཊལ་བྷི་ཧཱ་རི་ཝ་ཇི་པ་ཡེ་མཆོག་གིས་ལྷག་བསམ་རྣམ་དག་གིས་བོད་དོན་དང་བོད་མིའི་ཆེད་རྒྱབ་སྐྱོར་གནང་འགོ་བཙུགས། དུས་དེ་ནས་བཟུང་དམ་པ་དེ་ཉིད་ཀྱིས་རྒྱ་གར་གྲོས་ཚོགས་ནང་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རྒྱ་གར་གཞུང་ལ་འབོད་སྐུལ་ཡང་ཡང་ཞུས་ཡོད་ཅེས་གསུངས་ནས། སྲིད་དོན་པ་དམ་པ་དེ་ཉིད་མཆོག་ལ་བསྔོ་བ་སྨོན་ལམ་དང་སྦྲགས་ཤུལ་ལུས་ཉེ་འབྲེལ། གྲོགས་པོ་གྲོགས་མོ་དེ་བཞིན་ཕྱག་སྦྲེལ་བཅས་ལ་ཐུགས་གསོ་ཞུས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝ་ཇེ་པ་ཡི་མཆོག་འདས་གྲོངས་སུ་གྱུར་བར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་མི་སྣའི་ཁོངས་ཡང་དག་པའི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། དམ་པ་ཁོང་དེ་སྔ་རྒྱ་གར་གྱི་ Bharatiya Janasang ཞེས་པའི་སྲིད་དོན་ཚོགས་པའི་ཐུགས་འགན་བཞེས་བཞིན་པའི་དུས་སྐབས་སུ། ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཟིང་འཁྲུག་ལངས་སྐབས། སྐབས་དེའི་རྒྱ་གར་གཞུང་ལ་འཛམ་གླིང་གི་ཡང་ཐོག་ཏུ་དཀའ་ངལ་དེ་འདྲ་འཕྲད་བཞིན་པའི་སྐབས་འདིར་ང་ཚོ་རྒྱ་གར་བ་ཚོས་ཁ་ཁུ་སིམ་མེར་མ་སྡོད་པར་རྒྱ་ནག་ལ་གདོང་ལེན་བྱེད་དགོས་པའི་ལམ་སྟོན་ཞུས་མྱོང་ཡོད་པ་སོགས་དབུ་ཁྲིད་ཁོང་ནི་བོད་དོན་ཐོག་གླེང་སློང་ཤུགས་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་ཞེས་གསུངས་འདུག

འདས་པོ་ཁོང་གི་དུས་སྐབས་སུ་རྒྱ་གར་གྱི་རྡུལ་མཚོན་ཚོད་ལྟར་གྲུབ་འབྲས་ཐོན་ནས། འཛམ་གླིང་ནང་རྒྱ་གར་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༧ ཀློག་གྲངས།