ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དབུ་འཛུགས་གནང་སོང་།

བོད་ནང་གི་བོད་མི་ཚོས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རྒྱ་གཞུང་གི་ངན་ཇུས་ལ་གདོང་ལེན་བྱས་པ་རྣམས་ལམ་ལྷོངས་ཡོང་བ་ག་འདྲ་ཆགས་ཐབས་བྱེད་དགོས་སྐོར་ཐོག་ད་ཐེངས་ཀྱི་ཚོགས་ཞུགས་མི་སྣ་ཚོས་རྣམ་དཔྱོད་སྟོན་ནས་བགྲོ་གླེང་བྱེད་གལ་ཆེ་སྐོར་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༧ གྱི་ཉིན་རྒྱབ་ཆུ་ཚོད་༢ དང་སྐར་མ་༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་ཉེ་འཁྲིས་སུ་ཡོད་པའི་ཨིམ་པི་རེལ་ཧ་ཡི་ཊི་(Imperial Heights Resorts)ཞེས་པའི་གསོལ་མགྲོན་ཁང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐེངས་དང་པོ་དེ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་ཞིང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ། ཁྲིམས་ཞིབ་པ་གཞན་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས། བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་༡༥ ནས་ཕེབས་པའི་ཚོགས་བཅར་བ་གཞོན་སྐྱེས་༡༠༠ ལྷག་བཅས་འཛོམས་འདུག

དེ་ཡང་མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་། ཁ་སང་ཕྱི་ཚེས་༡༦ ཉིན་འདས་གྲོངས་སུ་གྱུར་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་རྗེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གནའ་བོའི་དུས་སུ་ཆབ་དཔལ་རིག་གསུམ་གྱི་ཐོག་ནས་བོད་རྒྱལ་ཁབ་ཆེན་མོ་ཇི་ལྟར་ཡང་རྩེར་སོན་པ་ཡིན་མིན་གྱི་སྐོར་དང་། རྒྱ་ནག་བོད་ནང་བཙན་འཛུལ་བྱས་རྗེས་ནས་བོད་ས་རང་ལ་བོད་མི་གྲངས་ཉུང་ཆགས་པ་དང་རྒྱ་གཞུང་གིས་བོད་མིའི་ཆོས་རིག་གཏོར་བཤིག་བཏང་བའི་ཇུས་ངན་ལ་བརྟེན་ནས་ཉེན་ཚབས་ཇི་ལྟར་ཡོད་མིན། བོད་ཀྱི་ངོ་བོ་དེ་བོད་མིའི་ཆོས་དང་རིག་གཞུང་ལ་ཐུག་ཡོད་སྟབས་དེ་རྒྱུན་གནས་ཡོང་རྒྱུའི་གལ་གནད། བོད་ནང་གི་བོད་མི་ཚོས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རྒྱ་གཞུང་གི་ངན་ཇུས་ལ་གདོང་ལེན་བྱས་པ་རྣམས་ལམ་ལྷོངས་ཡོང་བ་ག་འདྲ་ཆགས་ཐབས་བྱེད་དགོས་སྐོར་ཐོག་ད་ཐེངས་ཀྱི་ཚོགས་ཞུགས་མི་སྣ་ཚོས་རྣམ་དཔྱོད་སྟོན་ནས་བགྲོ་གླེང་བྱེད་གལ་ཆེ་སྐོར། གཞན་ཡང་༧གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་རིང་ལུགས་དང་། ཉེ་ཆར་སྩལ་བའི་བཀའ་སློབ་ཀྱི་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་“ང་དང་མཉམ་དུ་ཕྱག་རོགས་བཀའ་བློན་རྣམ་པ་འདིར་ཡོད། ཕྲན་རང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་ཡིན་སྟབས། ཕལ་ཆེར་ཉིན་གྲངས་གསུམ་རིང་འདིར་ཡོད། རྣམ་པ་ཚོར་དགོངས་ཚུལ་གང་ཡོད་པ་དེ་དག་ཉན་ནས་ང་ཚོས་བྱེད་དགོས་པ་གང་འདུག དེ་བཞིན་རྣམ་པ་ཚོས་གནང་དགོས་པ་གང་འདུག ཞིབ་ཕྲ་བཀའ་བསྡུར་ཡོང་གི་རེད། བཀའ་བློན་ཁག་གཅིག་སང་ཉིན་ཉིན་གང་བཞུགས་ཀྱི་ཡིན་ཟེར་གྱི་འདུག རྣམ་པ་ཚོས་དགོངས་ཚུལ་གང་གསུང་པ་ཡིན་ནའང་ཕྲལ་ཕུགས་རྒྱང་གསུམ་གཞི་ལ་བཞག་པའི་ཐོག་ནས་གསུང་རྒྱུ་ཡིན་པའི་ཡིད་ཆེས་ཡོད། རྣམ་པ་ཚོ་ས་ཐག་རིང་པོ་ནས་ཕེབས་ཡོད་སྟབས། དེང་སྐབས་འདི་གར་ཆར་དུས་ཡིན་པར་བརྟེན་སྐུ་ངལ་ཏན་ཏན་བྱུང་ཡོད་ངེས་རེད། གལ་ཏེ་དེ་རིང་སྔ་དྲོ་ཆར་པ་ཤུགས་ཆེན་པོ་འབབས་ཡོད་ན། གནམ་གྲུ་འབབ་མ་ཐུབ་ནས་ཚོགས་བཅར་བ་༡༠༠ ཡོད་པའི་ནང་ནས་མི་གྲངས་༧༥ ཕེབས་མ་ཐུབ་ན་ག་འདྲ་བྱེད་ཡོང་སྙམ་པའི་སེམས་ཁྲལ་ཤུགས་ཆེན་བྱུང་སོང་། འོན་ཀྱང་ལྷ་ཆོས་སྐྱོང་སྲུང་མའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གནམ་གཤིས་ཡག་པོ་སྟོན་སྟབས་རྣམ་པ་ཚོ་ཚང་མ་བདེ་འབྱོར་ཐུབ་པ་འདི་ནི་རྟགས་མཚན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག འབྱུང་འགྱུར་ཉིན་གྲངས་གསུམ་རིང་ལའང་ཚོགས་འདུ་ཡག་པོ་ཡོང་བའི་རེ་བ་ཡོད་”ཅེས་སོགས་གསུངས་སོང་།
མཇུག་ཏུ་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

ད་ཐེངས་ཕྱི་ཚེས་༡༧ ནས་༢༠ བར་ཉིན་བཞིའི་རིང་གི་ལྷན་ཚོགས་འདིར་གྲོས་གཞི་གཙོ་བོ་བཞི་ཡོད་པ་ལས།

༡། བོད་རྒྱ་གཉིས་ལོ་རྒྱུས་ཐོག་འབྲེལ་ལམ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གཞུང་སྒེར་སྤྱི་གསུམ་ཐོག་ནས་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གནང་རྒྱུའི་ཐད་ཐབས་ལམ་གསར་པ།

༢། གཞོན་སྐྱེས་ཚོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་ཚགས་ཚུད་ཡོང་སླད་འབྲེལ་ལམ་རྒྱ་སྐྱེད་དང་། ཞུ་གཏུགས་ཀྱི་ལས་འགུལ། རྒྱལ་སྤྱིའི་འབྲེལ་ལམ།

༣། རང་ཡུལ་དང་ཡུལ་གྱར། གཞིས་བྱེས་བོད་རིགས་སྤུན་ཟླའི་དབར་འབྲེལ་བ་འཛུགས་ཐབས།

༤། ལྔ་དང་ལྔ་བཅུའི་འཆར་སྣང་ལག་བསྟར་ཚགས་ཚུད་ཡོང་སླད་བོད་མིའི་སྒྲིག་འཛུགས་ཀྱིས་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་། ཕྱི་ནང་གི་མཐུན་རྐྱེན་མཁོ་སྒྲུབ་ཞུ་རྒྱུའི་ལས་འཆར་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག

ཚོགས་བཅར་བ་གཉིས་ལ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་དང་། ཚོགས་འདུར་བཅངས་པའི་རེ་བ་གང་ཡིན་བཅས་དྲིས་པར།

ཚོགས་བཅར་བ་རྒྱལ་མཚན་གྱིས་“ཚོགས་འདུ་འདིའི་ནང་འཛུལ་དགོས་པའི་རྒྱུ་མཚན་གཙོ་བོ་ས་ཆ་ག་ས་ག་ནས་གཞོན་སྐྱེས་མང་པོ་ཞིག་ཡོང་གི་ཡོད་རེད། ཁོང་ཚོའི་བསམ་ཚུལ་དང་། ཁོང་ཚོས་ང་རང་ཚོ་བོད་ལ་འཛིན་པའི་ལྟ་སྟངས་ག་འདྲ་ཡིན་མིན་ཧ་ཅང་གིས་ཤེས་འདོད་ཡོད། རྒྱུ་མཚན་གཙོ་བོ་ནང་གི་གཙོ་བོ་དེ་ཡིན་”ཞེས་དང་། “ཚོགས་འདུར་འདིར་བཅངས་པའི་རེ་བ་ཆེ་ཤོས་ཟེར་ན། ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་ལོན་ཡག་པོ་བྱེད་རྒྱུ་དེ་རེད། སྔོན་མ་ཡིན་ན་རྒྱ་གར་ནས་སློབ་སྦྱོང་བྱེད་མཁན་ཡིན་ན་ཏོག་ཙམ་སྐྱོ་བ་འདྲ་པོ་དང་། ཕྱི་རྒྱལ་ནས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཚེ་དེ་ཧ་ཅང་གིས་ཡག་པོ་ཡིན་པའི་ལྟ་སྟངས་ཞིག་ཡོད་པ་ངས་མཐོང་གི་ཡོད། ད་ལྟ་ཡིན་ན་ཡང་བོད་གཞུང་ལ་ལྟ་སྟངས་དེ་འདྲ་ཡོད་པ་ངས་མཐོང་གི་ཡོད།  དངོས་གནས་བྱས་ན་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ། སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་དེ་སོ་སོར་ཐུག་ཡོད་རེད་མ་གཏོགས་ཨ་རི་དང་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་པ་ཙམ་གྱིས་ཡག་པ་ཡིན་པའི་ངེས་པ་ཡོད་མ་རེད། སློབ་གྲྭ་ནས་སློབ་སྦྱོང་བྱེད་རྒྱུ་དེ་གནད་འགག་ཆགས་ཡོད་རེད་མ་གཏོགས་ས་གནས་ལ་གཞིགས་ནས་ཕྱོགས་རིས་བྱེད་པའི་རྣམ་པ་ཏོག་ཙམ་ཡོད་པ་དེ་ཏག་ཏག་མ་རེད་དྲན་གྱི་འདུག བོད་གཞུང་འདྲ་པོའི་ནང་ལས་ཀ་འདྲ་པོ་ཞིག་ལ་ཐོ་ཞིག་རྒྱག་ན་ཕྱི་ལོགས་ནས་ཡོང་བའི་མི་ཞིག་ཡིན་ན་ལེན་རྐྱང་དང་། འདི་ནས་ཡིན་པའི་མི་དེར་སློབ་སྦྱོང་ཡག་པོ་བྱས་ཡོད་ན་ཡང་ཏོག་ཙམ་མ་སྤྲད་པའི་རྣམ་པ་འདྲ་པོ་ཡོད་རེད། དེ་ཚོ་ཚང་མའི་ཐོག་ང་ཚོས་ཕན་ཚུན་ལ་སྐད་ཆ་ཡག་པོ་ཞིག་བཤད་ནས་གྲོས་བསྡུར་བྱས་ན་ཡག་པོ་མཐོང་གི་ཡོད་རེད་”ཅེས་གསུངས་བྱུང་།

ཚོགས་བཅར་བ་བསྟན་འཛིན་གསལ་སྒྲོན་གྱིས་“ང་རང་དེར་ཡོང་བའི་རྒྱུ་མཚན་གཅིག་དེ། བོད་པའི་གཞོན་སྐྱེས་ཕན་ཚུན་ལ་འབྲེལ་བ་འཛིན་རྒྱུ་དེ་ཧ་ཅང་གིས་གནད་འགག་ཆེན་པོ་མཐོང་ནས་ཡིན། དམིགས་བསལ་བོད་ནང་ལ་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ཡོད་དུས་ང་རང་ཚོ་ཕན་ཚུན་ལ་གོ་བསྡུར་དང་བགྲོ་གླེང་མ་བྱས་ན་ཐབས་ཤེས་གཞན་མི་འདུག རྒྱུ་མཚན་གཉིས་པ་དེ་ང་རང་གིས་ལོ་མང་རིང་ལ་ག་རེ་མཐོང་སོང་ཟེར་ན། ང་ཚོའི་གཞོན་སྐྱེས་རྣམས་ལ་གདེང་ཚོད་དེ་ཙམ་སྐྱེ་མེད་དུས་སྐབས་སུ་སོ་སོའི་བསམ་བློ་དང་ཆབ་སྲིད་ཀྱི་སྐོར་སྡིངས་ཆའི་སྒང་ནས་བཤད་ཐུབ་ཀྱི་མི་འདུག འདི་ལ་ད་རེས་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་གཞོན་སྐྱེས་མང་པོ་ཞིག་ཕེབས་ཡོད་དུས་ཁོ་རང་ཚོའི་བསམ་ཚུལ་ཉན་ཡ་དང་། ཁོ་རང་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཞིག་རག་གི་ཡོད་དུས་དེ་དངོས་གནས་གོ་སྐབས་བཟང་པོ་ཞིག་རེད་དྲན་གྱི་འདུག དེ་ཡིན་དུས་རྒྱུ་མཚན་དེ་གཉིས་ཀྱི་ཆེད་དུ་ཡོང་ཡིན་”ཞེས་དང་། “ཕྱོགས་གཅིག་ནས་རེ་བ་ག་རེ་རེད་འདུག་ཟེར་ན། ད་ལྟ་ང་ཚོ་བོད་པ་ལོ་མང་རིང་བཙན་བྱོལ་ནང་ག་ས་ག་ལ་འཐོར་བསྡད་ཡོད་དུས་སྐབས་སུ། ང་ཚོར་མཉམ་རུབ་བྱེད་རྒྱུའི་གོ་སྐབས་དེ་ཙམ་རག་གི་ཡོད་མ་རེད། མཉམ་རུབ་བྱེད་རྒྱུའི་གོ་སྐབས་རག་དུས་སྐབས་སུ་གོ་སྐབས་དེ་ལེན་ནས་ཕན་ཚུན་ལ་འབྲེལ་བ་བཞག་རྒྱུ་དང་། འབྲེལ་བ་དེའི་ཐོག་ནས་རྗེས་སུ་ལག་ལེན་བསྟར་ཡ་ཡོད་པ་དཔེར་ན། ཟབ་སྦྱོང་འདྲ་པོ་ཞིག་ཡིན་ན་ཡང་བོད་ཀྱི་བདེན་མཐའ་གསལ་ཆེད་དུ་ག་རེ་བྱེད་རྒྱུ་འདུག་བསམ་བློ་གཏོང་ནས་དངོས་སུ་ལག་བསྟར་བྱས་ན་ནུས་པ་ཤུགས་ཆེན་པོ་ཞིག་ཡོང་གི་རེད་དྲན་གྱི་འདུག”ཅེས་གསུངས་སོང་།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༠ ཀློག་གྲངས།