ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞིའི་ཚོགས་འདུ།

ཟླ་འདིའི་ཚེས་༡༨ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ལུགས་ཟུང་བསམ་འགྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་དང་། བོད་མིའི་ཚོང་ལས་སྡེ་ཚོགས་ཐུན་མོང་གི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་བཞི་པ་འཚོགས་ཡོད་པ་རེད།

ཉིན་གྲངས་གཉིས་རིང་ཡར་ཐོན་ཚོང་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་གཏམ་བཤད་དང་བགྲོ་གླེང་། འདེམས་སྒྲུག་གནང་བ་དང་། ཚོང་པ་གསར་པ་དྲག་འདེམས་བྱུང་བ་རྣམས་ལ་མ་དངུལ་རོགས་སྐྱོར་ཧིན་སྒོར་འབུམ་༡༥ རེའི་མཐུན་རྐྱེན་སྦྱར་རྒྱུ་ཡིན་འདུག

ཚོགས་ཐོག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པ་སོགས་ཁྱོན་མི་གྲངས་༡༧༥ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་འདས་པའི་ལོ་ངོ་བཞི་ཙམ་གྱི་གོང་ལ་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཆེད་མངགས་འགོ་འཛུགས་བརྒྱུད་ཚོང་པ་རྙིང་པར་ལམ་སྟོན་བྱེད་རྒྱུའི་གོ་སྐབས་དང་། ཚོང་པ་གསར་པ་སྐྱེད་སྲིང་བྱེད་རྒྱུ་བཅས་སོ་སོའི་རྐང་པའི་ཐོག་ལངས་ནས་འཚོ་བ་ཡག་པོ་ཆགས་ཐུབ་པ་མ་ཟད། བོད་མི་གཞན་ལའང་རོགས་པ་བྱེད་ཐུབ་པའི་དམིགས་ཚད་བཟུང་ནས་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་འདི་ཉིད་བཙུགས་དགོས་པའི་རྒྱུ་མཚན་གཙོ་བོ་རེད་ཅེས་གསུངས་འདུག

ཁོང་གིས་ཚོགས་འདུ་དེའི་དམིགས་ཡུལ་སྐོར་གསུང་དོན། དམིགས་ཡུལ་འདི་ཉིད་སྒྲུབ་པར་ཚང་མས་དཀའ་ལས་རྒྱག་དགོས། དཔལ་འབྱོར་ལས་ཁུངས་ངོས་ནས་སྐུ་ལས་སྐྱོན་གྱི་རེད། ཚན་པའི་ལས་བྱེད་བཞི་ཧྲ་ཐག་ཐག་ཡོད། ཁོ་ཚོའི་ངོས་ནས་ལམ་སྟོན་དང་མཐུན་འགྱུར་དགོས་རིགས་གནང་གི་རེད། འོན་ཀྱང་དོ་བདག་རང་ཉིད་ལ་འདུན་པ་དང་། དཀའ་ལས་མ་བརྒྱག་ན་ཡོང་རྒྱུ་གང་ཡང་མི་འདུག དེར་བརྟེན་རྣམ་པ་ཚོས་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་འདི་ཉིད་ཧ་ཅང་གལ་ཆེན་པོར་བརྩི་དགོས། བགྲོ་གླེང་གནང་མཁན་དང་གསུང་བཤད་གནང་མཁན་གྱི་བཀའ་མོལ་དེ་དག་ཡག་པོ་གསན་ནས་སོ་སོར་ཕན་པའི་བེད་སྤྱོད་གནང་རོགས་ཞེས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་སྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་སོགས་གསུངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༣༧ ཀློག་གྲངས།