༧གོང་ས་མཆོག་གིས་མི་སྐྱ་ཚོར་རིགས་ལམ་སློབ་གཉེར་བྱེད་ས་དགོས་སྐོར་ལ་བཀའ་སློབ་གནང་།

ཟླ་འདིའི་ཚེས་༢༠ ཉིན་༸གོང་ས་མཆོག་གིས་དྷ་སའི་༸རྒྱལ་བའི་ཕོ་བྲང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ལ་བཅར་མཁན་ཚོར་ “ལྔ་དང་ལྔ་བཅུ་དང་འབྲེལ་ན། རིགས་ལམ་མཚན་ཉིད་ལོ་ལྔ་རིང་སློབ་གཉེར་ཡག་པོ་ཞིག་བྱེད་ཐུབ་ན། ལོ་ལྔ་བཅུའི་རིང་ཁྱེད་རང་ཚོས་རྣམ་དཔྱོད་འདོན་ཐུབ་ཀྱི་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ “འཆར་ཅན་ལྟ་བུ་མིན་པར་མདུན་ནས་མདུན་དུ་སྐྱོད་རྒྱུར་བསམ་བློ་གཏོང་དགོས། མཁྱེན་སོང་ངམ། དེར་བརྟེན་མདུན་ནས་མདུན་དུ་གོམ་པ་སྤོ་ནས་འགྲོ་རྒྱུར་གོ་བསྡུར་བྱས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་ནས་གོ་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྔ་དང་ལྔ་བཅུ་ཞེས་པ་འདི་ཧ་ཅང་སྙིང་རྗེ་པོ་རེད། མདོ་དོན་སྙིང་པོ་ངོས་ཀྱིས་ཁྱེད་རང་ཚོར་འདི་བཤད་འདོད་བྱུང་། ང་ཚོ་བོད་པས་བོད་དོན་ཞེས་བཤད་བཞིན་པ་འདི་ལུང་པ་ཆ་ངེ་ཆུང་ངེ་ཞིག་གིས་སོ་སོའི་ལུང་པའི་དོན་དུ་བཤད་པ་དང་ཕལ་ཆེར་འདྲ་གི་མ་རེད། མཁྱེན་སོང་ངམ། ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ཨེ་ཤི་ཡའི་ལུང་པ་བཟོ་འདྲ་བོ་སོ་སོའི་ལུང་པ་ནང་མང་པོ་བཤད་རྒྱུ་ཡོད་པ་རེད། ང་ཚོས་བཤད་རྒྱུ་ནི་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། འདས་པའི་ལོ་ཧ་ལམ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ལ་ཚན་རིག་པ་དེ་འདྲ་དང་། འཛམ་གླིང་གི་མཁས་དབང་དེ་འདྲ་མང་པོ་ཐུག་ཡོང་དུས་ང་ཚོ་བོད་གངས་ཅན་ལ་ཡོད་པའི་རྒྱ་གར་ནཱ་ལེནྡྲ་ནས་ཡོང་བའི་ཤེས་ཡོན་འདི་དངོས་གནས་དྲང་གནས་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་ཧ་ཅང་རླབས་ཆེན་རེད་འདུག་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ནང་བསྟན་ཆོས་ལུགས་ཀྱི་ཐུན་མིན་སྐོར་ལ་བཀའ་སློབ་གནང་དོན། “དེང་སྐབས་ནའ་ལེནྡྲར་གྱང་རོ་མ་གཏོགས་གང་ཡང་མེད། ནཱ་ལེནྡྲའི་མཁས་པ་ནམ་རྒྱུན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པ་དེ་འདྲའི་མཁས་པའི་དབང་པོ་དེ་དག་གིས་ཉམས་ཞིབ་གནང་ནས་སངས་རྒྱས་ཀྱི་བཀའ་རེད་ཅེས་དད་པ་ཁོ་ན་མིན་པར་སངས་རྒྱས་ཀྱི་བཀའ་ཡིན་ནའང་དོགས་པ་བཀོད་ནས་སངས་རྒྱས་ཀྱིས་བཀའ་དེ་འདྲ་ཞིག་གནང་འདུག་ཀྱང་རྒྱུ་མཚན་ཐོག་ནས་བསམ་བློ་གཏོང་ན་འགལ་འདུ་འདུག་ཅེས་དགག་པ་རྒྱག་གི་འདུག དེར་བརྟེན་ནཱ་ལེནྡྲའི་མཁས་དབང་དེ་དག་གིས་བསམ་བློ་བཏང་སྟངས་ནི་རྒྱུ་མཚན་གཙོ་བོར་བྱས་ནས་ཞིབ་འཇུག་བྱས་ནས་འགྲོ་རྒྱུ་དང་། སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོའི་གྲས་ནི་དེང་སྐབས་འཛམ་གླིང་སྟེང་ཁྱད་དུ་འཕགས་པ་ཞིག་ཆགས་པ་དང་། འདི་ངོ་མཚར་ཆེན་པོ་ཡིན་པ་ཙམ་ལ་མི་འཇོག་པར་འཛམ་གླིང་འདིའི་སྟེང་ཁ་ཡོད་ལག་ཡོད་དགོས་མཁོ་ཡོད་པ་ཞིག་ཧ་ཅང་གསལ་པོ་རེད་འདུག འདི་ངོས་ཀྱིས་ཉམས་མྱོང་ཐོག་ནས་ཐག་བཅད་ནས་བཤད་ཐུབ་རྒྱུ་ཞིག་ལ་བོད་ཀྱིས་ནཱ་ལེནྡྲའི་རིག་གཞུང་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབ་ནས་ཡོད་པ་འདི་འཛམ་གླིང་སྤྱིའི་ཁྱད་ནོར་རམ་འཛམ་གླིང་སྤྱིའི་སྤྱི་ནོར་རེད་ཅེས་བརྗོད་ཐུབ་རྒྱུ་ཞིག་ཕལ་ཆེར་ཆགས་འདུག་”ཅེས་བཀའ་སློབ་གནང་།

“ང་ཚོའི་གཞོན་སྐྱེས་ཚོས་བོད་ལ་དེ་འདྲའི་རིག་གཞུང་ཡོད་པ་འདི་དེ་སྔ་བོད་ལ་གཞུང་ཆེན་སློབ་སྦྱོང་ཡོད་སའི་གདན་ས་དེ་ཚོའི་གྲས་དང་། དེའི་ནང་ནས་དགེ་བཤེས་ཚོ་རེད་མ་གཏོགས་མང་ཆེ་བར་ཡོད་མ་རེད། ཕྱི་ལོ་༡༩༥༨ ལོར་སེ་འབྲས་ཚོར་གྲྭ་སྐོར་ཕྱིན་ནས་གྲྭ་སྐོར་བཞག་པ་རེད། དེ་དུས་འབྲས་སྤུངས་བློ་གསལ་གླིང་དུ་དགེ་འདུན་པ་ག་ཚོད་ཡོད། ཅེས་ངོས་ཀྱིས་བཀའ་འདྲི་ཞུས་མྱོང་། དགེ་འདུན་པ་ལྔ་སྟོང་ཡོད་གསུངས་པ་རེད། དཔེ་ཆ་ལྟ་མཁན་ག་ཚོད་ཡོད་དྲིས་པས་སྟོང་ཕྲག་གཅིག་ལས་མེད། གྲྭ་བ་བཞི་སྟོང་གིས་འགྱེད་དེ་དག་བླངས་པ་དང་གྲྭ་ཆས་གྱོན་པ་མ་གཏོགས་དཔེ་ཆ་ལྟ་གི་མི་འདུག ཞབས་འདྲེན་མིན་ནམ། དགེ་འདུན་པ་སྟོང་ཕྲག་ལྔ་ཡོད་པའི་ནང་ནས་སྟོང་ཕྲག་གཅིག་མ་གཏོགས་དཔེ་ཆ་མི་ལྟ་མཁན་ཆགས་པ་དེ་ཞབས་འདྲེན་མིན་ནམ། ང་ཚོ་རྒྱ་གར་དུ་སླེབས་ནས་དེ་སྔ་དཔེ་ཆ་མ་ལྟ་མཁན་དགོན་པ་ཚོས་དཔེ་ཆ་ལྟ་དགོས་ཞེས་བརྗོད། དཔེར་ན་རྣམ་རྒྱལ་གྲྭ་ཚང་མཚོན་པའི་རྒྱུད་གྲྭ་སྟོད་སྨད་ཚོས་དཔེ་ཆ་ལྟ་གི་མེད་པ་དེ་དག་གིས་དཔེ་ཆ་ལྟ་དགོས་རེད་ཅེས་དང་། དེ་ནས་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་པ་རེད་ཅེས་ངོས་ཀྱིས་དེ་ལྟར་འབོད་སྐུལ་བྱས་པ་རེད། མི་མང་སྐྱ་བོ་ཕོ་མོ་ཚོ་ཡིན་ནའང་དཔེ་ཆ་ལྟ་དགོས་སློབ་གཉེར་རྒྱག་དགོས། ང་ཚོ་ནང་པའི་ཆོས་བྱེད་མཁན་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས། ང་ཚོའི་པ་ལགས་དང་ཨ་མ་ལགས་ཚོས་སྐྱབས་སུ་མཆི་ཟེར་བ་དང་སྔགས་བགྲངས་བ་ལྟར་མིན་པ་ནང་ཆོས་ཀྱི་འགྲོ་སྟངས་ག་འདྲ་ཡིན་པ། ནཱ་ལེནྡྲའི་མཁས་པ་ཚོས་བཅོམ་ལྡན་འདས་ཀྱི་བཀའ་རང་ལའང་དགག་པ་བརྒྱབ་པ་དེ་འདྲའང་ཡོད་པ་རེད། འདི་རྒྱུ་མཚན་ག་འདྲ་ཞིག་གི་ཐོག་ནས་འགག་པ་བརྒྱབ་འདུག བཅོམ་ལྡན་འདས་ལ་མ་གུས་པ་མ་རེད་”ཅེས་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་མི་སྐྱ་ཕོ་མོ་ཚོས་རིསག་ལམ་མཚན་ཉིན་སློབ་དགོས་སྐོར་དང་། ཁོང་གིས་ཉེ་ཆར་ཝ་ར་ན་སའི་མཐོ་སློབ་ནང་དུ་མི་སྐྱ་ཚོར་རིགས་ལམ་སློབ་གཉེར་བྱེད་ས་དགོས་སྐོར་ལ་དགོངས་ཚུལ་བཏོན་ཡོད་སྐོར་གསུངས་པ་དང་། ཁོང་གིས། “ལྔ་དང་ལྔ་བཅུ་དང་འབྲེལ་ན། ལོ་ལྔ་རིང་སློབ་གཉེར་དེ་ཡག་པོ་ཞིག་བྱེད་ཐུབ་ན། ལོ་ལྔ་བཅུའི་རིང་ཁྱེད་རང་ཚོས་རྣམ་དཔྱོད་འདོན་ཐུབ་ཀྱི་རེད་”ཅེས་བཀའ་སློབ་གནང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༠༧ ཀློག་གྲངས།