བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ལ་ཨ་རིས་ཐོངས་མཆན་སྤྲད་མི་འདུག

བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ལ། ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲད་མེད་པ་དང་། ལོ་སྔོན་མར་ཡང་ཁེ་སི་ཆེལ་ཌར་གྱི་རུ་ཁག་དེར་ཨ་རིའི་ཐོངས་མཆན་རག་མེད་འདུག

ཉེ་ཆར་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་དྲུང་ཆེ་པ་སངས་རྡོ་རྗེ་ཡིས་ལྷན་ཚོགས་ཀྱི་ངོ་དེབ་སྟེང་དུ་བརྙན་ཐུང་ཞིག་ནང་འཇུག་བྱས་འདུག་པ་དང་། དེའི་ནང་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་དེ་ཨ་རིར་འཚོག་རྒྱུ་ཡིན་པའི་བྱང་ཨ་རིའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ནང་མཉམ་ཞུགས་བྱེད་ཆེད་དུ། ཐོངས་མཆན་ཞུས་འདུག་ཀྱང་ཐོངས་མཆན་སྤྲད་མེད་པ་མ་ཟད། ཁེ་ན་ཌར་ཡང་རྩེད་འགྲན་ལས་རིམ་ཞིག་གི་ཆེད་དུ་ཐོངས་མཆན་ཞུས་པ་སྤྲད་མེད་ནའང་། མུ་མཐུད་ནས་ཐོངས་མཆན་ཐོབ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ལོ་སྔོན་མར་ཨ་རི་བ་ཁེ་སི་ཆིལ་ཌར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཅེས་པ་དེ་ཡང་ཨ་རིའི་རྐང་སྤོལ་རྩེད་འགྲན་ཞིག་ལ་འགྲོ་ཆེད་ཐོངས་མཆན་མ་ཐོབ་ནས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་སྤེལ་ཡོད་པ་དང་། རྗེས་སུ་ཁེ་ན་ཌའི་རྩེད་འགྲན་ཞིག་ལ་འགྲོ་ཐུབ་ཡོད་པ་རེད།

འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་དྲུང་ཆེ་པ་སངས་རྡོ་རྗེ་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པར། ལྷན་ཚོགས་ཀྱི་འཆར་གཞི་ལ་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་དེ་ཨ་རིའི་གྲོང་ཁྱེར་ཁག་ཅིག་གི་ཁུལ་དེ་དག་གི་བུད་མེད་རྐང་སྤོལ་རུ་ཁག་བར་དང་རྩེད་འགྲན་བྱེད་རྒྱུ་དང་། དེ་བཞིན་བྱང་ཨ་རིའི་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྩེད་འགྲན་ཉིན་མོར། ཁུལ་དེའི་བུད་མེད་རུ་ཁག་སྐད་གྲགས་ཆེན་པོ་ཞིག་དང་རྩེད་འགྲན་བྱ་རྒྱུ་ཡིན་འདུག་ཀྱང་། ཐོངས་མཆན་སྤྲད་མེད་འདུག དེ་བཞིན་ཁེ་ན་ཌའི་ཐོངས་མཆན་ཡང་ཐོབ་མེད་པས། མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་བཞིན་དེ་སྔོན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དང་། ཨ་རི་བ་ཁེ་སི་ཆེལ་ཌར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་བཅས་ཡོད་ཀྱང་། ལོ་སྔོན་མའི་ནང་ཁེ་སི་ཆེལ་ཌར་གྱིས་རྐང་སྤོལ་རུ་ཁག་དེ་སྒོ་བརྒྱབ་ཡོད་འདུག སྐབས་དེར་ཚོགས་པའི་དངུལ་རྣམས་བོད་པའི་ཚོགས་པ་སུ་ལའང་རྩིས་སྤྲོད་བྱས་མེད་པས།  དྲུང་ཆེ་པ་སངས་རྡོ་རྗེས་མོ་ལ་ཐུག་ཐབས་བྱས་འདུག་ཀྱང་ཐུག་ཐུབ་མེད་འདུག ད་ལྟའི་ཆར་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་བོད་རྒྱལ་ཡོངས་བུད་མེད་རུ་ཁག་ནང་དེ་སྔོན་ཁེ་སི་ཆེལ་ཌར་གྱི་རུ་ཁག་གི་རྩེད་མོ་བ་ཡང་འདེམས་སྒྲུག་བྱས་ཡོད་པ་རེད། ཁེ་སི་ཆེལ་ཌར་གྱིས་དེ་སྔོནངོ་དེབ་ཐོག་ཚོགས་པ་དེ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས་བྱས་སྐབས། ཚོགས་པའི་དངུལ་ལྷག་མ་རྣམས་རྩེད་རིགས་དང་འབྲེལ་བའི་སློབ་སྦྱོང་བྱེད་མཁན་བོད་ཀྱི་བུད་མེད་རྣམས་ལ་སློབ་ཡོན་སྤྲད་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། རྗེས་སུ་ཚོགས་པ་དེའི་ངོ་དེབ་སྟེང་དུ་བུད་མེད་ཁག་ཅིག་ལ་སློབ་ཡོན་སྤྲད་པའི་གསལ་བསྒྲགས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༦༡ ཀློག་གྲངས།