རྒྱ་ནག་གིས་མ་འཛུགས་བྱས་པའི་ལས་གཞི་མཱ་ལེ་ཤི་ཡས་མཚམས་འཇོག་བྱས་འདུག

རྣམ་པ་གསར་པའི་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་གནས་སྟངས་ཞིག་འབྱུང་རྒྱུར་འདོད་པ་མེད་སྐོར་བརྗོད་ནས་རྒྱ་ནག་གིས་མ་འཛུགས་བྱས་པའི་ལས་གཞི་མཱ་ལེ་ཤི་ཡས་མཚམས་འཇོག་བྱས་འདུག

རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༡ ཉིན་མཱ་ལེ་ཤི་ཡའི་སྲིད་བློན་མཱ་ཧ་ཐིར་གྱིས། སྐབས་སྔ་མའི་སྲིད་བློན་གྱི་དུས་སུ་རྒྱ་ནག་གི་མ་དངུལ་བཏང་ནས་མཱ་ལེ་ཤི་ཡའི་རྒྱལ་ཁབ་ནང་འགྲོ་སོང་ཨ་སྒོར་ཐེར་འབུམ་༢༠ ཅན་གྱི་མེ་འཁོར་ལྕགས་ལམ་གསར་རྒྱག་དང་། ཨ་སྒོར་ཐེར་འབུམ་༢.༣ ཅན་གྱི་སྣུམ་སོགས་འདྲེན་བྱེད་ཀྱི་སྦུགས་ལམ་གཉིས་གསར་རྒྱག་བྱ་རྒྱུ་བཅས་ཀྱི་ལས་གཞི་སྤེལ་འཆར་བྱས་པ་དེ་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་ཁོ་རང་རྒྱ་ནག་ཏུ་སྐོར་བསྐྱོད་ལ་སོང་བའི་ཉིན་མཐའ་མར་བསྒྲགས་ཡོད་འདུག

དེ་ཡང་ཁོང་གིས་ལས་གཞི་དེ་དག་ནི་མ་ལེ་ཤི་ཡའི་རྒྱལ་ཁབ་ནང་དགོས་མེད་ཡིན་པ་དང་། དེ་དག་ལ་བརྟེན་ནས་རྒྱལ་ཁབ་བུ་ལོན་ནང་ཟུག་སྟེ་ཁུར་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་དོན་དུ་“དེ་འདྲའི་དངུལ་མང་པོ་འགྲོ་སོང་ཡོད་པའི་ལས་གཞི་ང་ཚོས་སྒྲུབ་ཐུབ་ཀྱི་མ་རེད་ལ། ང་ཚོས་དངུལ་ཕར་སློག་ཐུབ་ཀྱི་མ་རེད། མ་ཟད་ལས་གཞི་འདི་དག་ད་ལྟའི་ཆར་མ་ལེ་ཤི་ཡ་ལ་དགོས་པ་ཆགས་ཀྱི་ཡོད་མ་རེད་”ཅེས་དང་། དངུལ་བུན་མང་པོ་བླངས་ནས་ལས་གཞི་དེ་དག་བསྒྲུབ་རྒྱུའི་ཐད་གཟབ་གཟབ་མ་བྱས་ཚེ་མ་འོངས་པར་མ་རྩ་བརྡིབ་སྲིད་སྐོར་དང་། ལས་གཞི་དེ་དག་བསྒྲུབ་རྒྱུ་ནི་ད་ལྟའི་ཆར་རུལ་སུངས་ཀྱི་ཉེས་འཛུགས་ཕོག་ཡུལ་སྐབས་སྔ་མའི་སྲིད་བློན་ནཱ་ཇིབ་ར་ཛག་གི་གླེན་རྟུལ་ལས་བྱུང་བ་ཞིག་ཡིན་སྐོར། ལས་གཞི་དེ་དག་མཚམས་འཇོག་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་གནད་དོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་ཤེས་ཀྱི་ཡོད་སྐོར། མ་འོངས་པར་དགོས་མཁོ་བྱུང་ཚེ་ལས་གཞི་དེ་དག་བསྐྱར་གསོ་བྱ་སྲིད་ཀྱང་། ད་ལྟ་རྒྱལ་ཁབ་ཀྱི་བུ་ལོན་ཉུང་འཕྲི་བྱེེད་རྒྱུའི་ཐོག་འབད་བཞིན་ཡོད་སྐོར་བཅས་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཐོག་ནས་མཱ་ལེ་ཤི་ཡའི་ནང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱེད་འཆར་ཡོད་སྐོར་དང་འབྲེལ་ནས་བརྗོད་དོན་དུ་“ང་ཚོས་ག་དུས་ཡིན་ན་ཡང་ངེས་པར་དུ་དྲན་གསོ་གཏོང་དགོས་པ་ཞིག་ནི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་ཚད་གཞི་མ་འདྲ་བ་དེ་རེད་”ཅེས་དང་། “རྣམ་པ་གསར་པའི་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་གནས་སྟངས་ཞིག་འབྱུང་རྒྱུར་ང་ཚོ་འདོད་པ་མེད། གང་ཡིན་ཟེར་ན་རྒྱལ་ཁབ་སྐྱོ་པོ་ཚོས་ཕྱུག་པོ་ཚོ་དང་མཉམ་དུ་རང་དབང་ངང་ཚོང་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུའི་ཐོག་འགྲན་སྡུར་བྱེད་ཐུབ་ཀྱི་མ་རེད། ཚོང་འབྲེལ་ངེས་པར་དུ་དྲང་པོ་དགོས་རེད་”ཅེས་བརྗོད་ཡོད་འདུག

གནད་དོན་འདིའི་ཐོག་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས། མ་ལེ་ཤི་ཡ་དང་རྒྱ་ནག་གཉིས་བར་དཔལ་འབྱོར་གྱི་ཐོག་ནས་མཉམ་འབྲེལ་བྱས་པ་ལ་བརྟེན་ནས་ཕྱོགས་གཉིས་ཀར་དངོས་སུ་ཁེ་ཕན་བྱུང་ཡོད་ཀྱང་། གནད་དོན་ཁ་ཤས་ཀྱི་ཐོག་དཀའ་ངལ་འཕྲད་པ་དང་ཕན་ཚུན་མི་མཐུན་པ་འབྱུང་བ་ནི་འགོག་ཏུ་མེད་པ་ཞིག་རེད། འདི་འདྲའི་དཀའ་ངལ་རྣམས་ངེས་པར་དུ་མཛའ་མཐུན་ངང་གྲོས་བསྡུར་བྱས་ནས་སེལ་ཐབས་བྱེད་དགོས་རེད་ཅེས་བརྗོད་ཡོད་འདུག

འོན་ཀྱང་། མཱ་ལེ་ཤི་ཡའི་སྲིད་བློན་གསར་པ་མཱ་ཧ་ཐིར་གྱིས་ཁོ་རང་ད་ཐེངས་རྒྱ་ནག་པེ་ཅིང་ལ་མ་སོང་གོང་ནས། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་ནས་ཨེ་ཤི་ཡའི་རྒྱལ་ཁབ་ནང་འགྲོ་བཞིན་པའི་མེ་འཁོར་ལྕགས་ལམ་དང་། གྲུ་གཟིངས་འབབ་ཚུགས། གཞན་ཚོང་ལས་དང་འབྲེལ་བའི་འཛུགས་སྐྲུན་ནང་མཱ་ལེ་ཤི་ཡ་ཞུགས་དགོས་ཀྱི་མེད་སྐོར་བརྗོད་ཡོད་འདུག་པ་དང་། མ་གཞི་ཐའེ་ལན་ཌི་དང་སིང་ག་ལ་སོགས་རྒྱལ་ཁབ་ཁག་ཅིག་གི་ནང་། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཟེར་བ་དེ་འགྲོ་བཞིན་ཡོད་འདུག་ཀྱང་། དེ་ལ་བརྟེན་ནས་ཡུལ་ལུང་སོ་སོའི་ས་གནས་ཀྱི་ཚོང་ལས་ཁང་རྣམས་ལ་ལས་ཀ་ཏོག་ཙམ་ལས་མ་རག་པ་དང་། འགྲོ་སོང་ཕོན་ཆེན་ཡོད་པ། རྒྱུ་ནོར་ཧམ་ཟ་ཤོར་བ་བཅས་ཀྱི་རྩོད་རྙོག་འབྱུང་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༥༠ ཀློག་གྲངས།