རྒྱ་གར་གྱི་རང་བཙན་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༢   ཕྱི་ལོ་ ༢༠༡༨/༨ /༡༥

དེ་རིང་ནི་རྒྱ་གར་གྱི་རང་བཙན་ཉིན་མོ་རེད། ང་ཚོ་བོད་པའི་ངོས་ནས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ལ་མིག་དཔེ་བལྟ་འོས་སམ། འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་དང་གང་ཡོད་དམ། བོད་པས་རང་བཙན་སླར་གསོའི་ལས་འགུལ་རྒྱ་གར་ལ་མིག་དཔེ་བལྟ་དགོས་མིན་བཤད་ཚེ་མི་ཁག་ཅིག་གད་མོ་འཆོར་སྲིད་པ་དང་། ད་ཆ་མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་རྒྱ་གར་རྒྱལ་ཁབ་ཀྱི་རང་བཙན་འཐབ་རྩོད་བྱེད་ཡུལ་དབྱིན་ཇི་ནི། ཕྱོགས་གཅིག་ནས་སྐབས་དེ་དུས་འཛམ་གླིང་གི་ཁྱོན་དུ་སྟོབས་ཤུགས་ཆེ་ཤོས་ཡིན་ནའང་། ལེ་བར་སྟོང་ཕྲག་བརྒྱད་ལ་ཉེ་བའི་རྒྱང་ཁད་ཀྱིས་ཆོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ད་ལྟའི་ཆར་མི་འབོར་གྱི་ཆ་ནས་དབྱིན་ཡུལ་ལས་རྒྱ་གར་ལྡབ་ཉི་ཤུ་དང་ཕྱེད་ཙམ་གྱིས་མང་བ་ཡོད། ད་དུང་རྒྱ་གར་ལ་རང་བཙན་རག་པའི་སྐབས་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་མ་ཐག་ཡིན་པ་སོགས་དམིགས་བསལ་གྱི་དུས་སྐབས་ཤིག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་གར་གྱི་རང་བཙན་ནི་རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་སྨིན་པ་ལྟ་བུ་མ་ཡིན་པར་ཡུན་རིང་འཐབ་རྩོད་བྱས་པའི་མཇུག་འབྲས་ཤིག་རེད།

འདྲ་བའི་ཆ་ནི་རྒྱ་གར་མི་མང་གི་ནང་དུ་སྒེར་གྱི་ཁེ་ཕན་གཙོ་བོར་བཟུང་ནས་དབྱིན་གཞུང་ལ་སྤྲེལ་ལད་འཁྲབ་པ་དང་། མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་རེ་བ་མི་རྒྱག་མཁན་ཡང་ཡོད་པ་བཞིན། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་འདི་ལྟ་བུའི་བསམ་ཚུལ་ཡོད་མཁན་ཡང་ཡོད་པས། གནད་དོན་འདིའི་ཆ་ནས་ཕྱོགས་ཙམ་འདྲ་མཚུངས་སུ་གྱུར་ཡོད། བོད་པའི་འཐབ་རྩོད་ནང་རྒྱ་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ཆོལ་ཁ་གསུམ་གཅིག་སྒྲིལ་ཡོང་བར་དཀའ་ངལ་ཆེན་པོ་ཡིན་པའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་ཀྱང་། བོད་ཆོལ་ཁ་གསུམ་ནི་ས་ཁོངས་ཀྱི་ཆ་ནས་གཅིག་པ་ཡིན་པ་དང་། ལོ་རྒྱུས་དང་སྐད་ཡིག་རིག་གཞུང་གི་ཐོག་ནས་ཀྱང་གཅིག་པ་ཡིན། རྒྱ་གར་རྒྱལ་ཁབ་ཀྱི་ཁོངས་སུ་སྐད་ཡིག་མི་གཅིག་པ་དང་རིག་གཞུང་མི་གཅིག་པ། ཐ་ན་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་ཡང་མི་གཅིག་པ་ཧ་ཅང་མང་པོ་ཞིག་ཡོད་པ་མ་ཟད། རང་བཙན་ཐོབ་པའི་སྐབས་ཀྱང་རྒྱ་གར་ནང་རྒྱལ་ཕྲན་མང་པོ་ཞིག་མུ་མཐུད་དུ་གནས་ཡོད་པས། བོད་པའི་འཐབ་རྩོད་ལའང་བཟློག་དཀའ་བའི་འགལ་རྐྱེན་ཆེན་པོ་དེ་འདྲ་ཞིག་ཨེ་ཡོད་སྙམ།

རྒྱ་གར་གྱི་འཐབ་རྩོད་ནང་མི་ཧ་ཅང་མང་པོ་ཞིག་གིས་ཚེ་སྲོག་བློས་བཏང་ཡོད་པ་དང་། ད་བར་མི་ལོ་དྲུག་ཅུ་ཙམ་གྱི་རིང་བོད་པའི་འཐབ་རྩོད་ཀྱི་ཆེད་དུའང་བོད་མི་མང་པོ་ཞིག་གིས་ཚེ་སྲོག་བློས་གཏོང་བྱས་ཡོད། རྒྱ་གར་གྱི་འཐབ་རྩོད་ནང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དབྱིན་གཞུང་ལ་ངོ་རྒོལ་བྱེད་མཁན་དང་། དྲག་པོའི་ཐོག་ནས་དབྱིན་གཞུང་ལ་ཁ་གཏད་གཅོག་མཁན་བྱུང་ཡོད་པ་གཉིས་ཕན་ཚུན་དོ་མཉམ་པ་ལྟ་བུ་བྱུང་ཡོད་པ་ལས། ཡང་ལྗིད་ཤོར་བའི་གནས་ཚུལ་བྱུང་མེད། འདས་པའི་ལོ་རྒྱུས་ནང་བོད་པའི་འཐབ་རྩོད་ཆེད་དྲག་པོའི་ཐབས་ལམ་བེད་སྤྱོད་བཏང་མྱོང་ཡང་། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་ངོ་རྒོལ་དང་རང་སྲུང་གི་ཆེད་དུའང་དྲག་པོའི་ཐབས་ལམ་བེད་སྤྱོད་གཏོང་གི་མེད་སྟབས། གནད་དོན་འདིའི་ཐད་ནས་རྒྱ་གར་གྱི་རང་བཙན་འཐབ་རྩོད་དང་བསྡུར་ན་ཁྱད་པར་ཆེན་པོ་ཤོར་ཡོད། ད་ལྟ་འཛམ་གླིང་གི་ཁྱོན་འདིར་འཚེ་མེད་ཞི་བ་ཁ་ནས་དུས་རྒྱུན་བཤད་ཀྱི་ཡོད་ཀྱང་། དོན་དུ་དྲག་པོའི་འཐབ་རྩོད་བྱེད་མཁན་ལ་དོ་སྣང་དང་རྒྱབ་སྐྱོར་མང་བ་བྱེད་ཀྱི་ཡོད་པ་ནི། གོ་ལའི་ཤར་ནུབ་ཀུན་ཏུ་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད།

བོད་པའི་འཐབ་རྩོད་བྱེད་ཡུལ་རྒྱ་དམར་དྲག་པོའི་གཞུང་ནི་ད་ལྟའི་ཆར་འཛམ་གླིང་འདིར་སྟོབས་ཆེ་ཤོས་ཀྱི་གྲས་སུ་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱི་འཐབ་རྩོད་བྱེད་ཡུལ་དབྱིན་གཞུང་ཡང་འཛམ་གླིང་གི་ཁྱོན་ནས་སྟོབས་ཤུགས་ཆེ་ཤོས་གཅིག་པུར་གྱུར་ཡོད། འོན་ཀྱང་མི་འདྲ་བ་ཆེ་ཤོས་ནི་རྒྱ་གར་མི་འབོར་མང་བ་དང་། བོད་པ་མི་འབོར་ཧ་ཅང་ཉུང་བ་གཉིས་ཕྱོགས་ཡོངས་ནས་བསྡུར་ཐབས་གཏན་ནས་མེད་པ་ཞིག་ཡིན་ཡང་། སྔོན་མ་དང་མི་འདྲ་བར་ད་ལྟའི་དུས་འདིར་མི་མང་ཉུང་ལ་བརྟེན་ནས་འཐབ་རྩོད་ལ་རྒྱལ་ཕམ་འགྲོ་བའི་གནས་སྟངས་ཤིག་མེད་པར། ཐབས་བྱུས་དང་སྙིང་སྟོབས་ཁོ་ན་ལ་རག་ལས་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད། འོན་ཀྱང་གནད་དོན་འདིའི་ཐོག་ནས་བོད་པ་མང་པོ་ཞིག་ལ་འཐབ་རྩོད་ཀྱི་སེམས་ཤུགས་སྐྱེ་མི་ཐུབ་པ་དང་། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་གནད་དོན་འདིའི་ཐོག་ནས་རྒྱ་གཞུང་ལ་བསྟུན་གང་ཐུབ་བྱེད་ཀྱི་ཡོད། གང་ལྟར་གནས་སྟངས་འདི་ནི་བོད་པའི་འཐབ་རྩོད་དང་རྒྱ་གར་གྱི་འཐབ་རྩོད་གཉིས་བསྡུར་ཐབས་གཏན་ནས་མེད་པའི་གནས་བབས་ཤིག་ཏུ་གྱུར་ཡོད།

མདོར་ན་འཐབ་རྩོད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནམ། དགོས་མཁོ་གཙོ་བོ་ནི་མི་མང་ཉུང་དང་དང་ནུས་པ་ཆེ་ཆུང་ཁོ་ན་མ་ཡིན་པར། འཐབ་རྩོད་བྱེད་མཁན་གྱི་སྙིང་སྟོབས་དང་སེམས་ཤུགས་ལ་རག་ལས་པ་ཞིག་རེད། དཔེར་ན་འཛམ་བུའི་གླིང་འདིར་འཇེའུ་མི་རིགས་ཀྱི་འཐབ་རྩོད་ལ་བལྟས་ན་ཤེས་ཐུབ་པ་དང་། བོད་མི་རིགས་ཀྱི་སེམས་ངོར་འཐབ་རྩོད་ཀྱི་བསམ་བློ་དང་། འཐབ་རྩོད་ཀྱི་རེ་བ་ཡོངས་སུ་བརླགས་སོང་ན། རྒྱ་ནག་འཐོར་ཞིག་ཏུ་སོང་ཡང་བོད་པས་རང་བཙན་སླར་གསོའི་གོ་སྐབས་ལེན་མི་ཐུབ་པ་དང་། ད་ལྟའི་ཆར་གནས་སྟངས་དང་ཁོར་ཡུག་མ་སྨིན་པའི་དཀའ་ངལ་ཡོད་མུས་ཡིན་ཡང་། བོད་མི་རིགས་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་ཀྱི་སེམས་ཤུགས་དང་ཚོར་བ་མ་བརླགས་ན་ཉིན་གཅིག་གསེར་དང་འདྲ་བའི་གོ་སྐབས་ཤིག་འཆར་མི་སྲིད་པ་གཏན་ནས་མིན། དེར་བརྟེན་རྒྱ་གར་གྱི་འཐབ་རྩོད་ནང་མིག་དཔེ་བལྟ་དགོས་པ་ག་རེ་ཡོད་མེད་ཀྱང་བོད་པའི་ངོས་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན་པས། མ་འོངས་པར་བོད་ནི་རྒྱ་གར་དང་མཛའ་འབྲེལ་ཆེ་ཤོས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་འགྱུར་མི་སྲིད་པ་མིན།།

Share this:
༡༤ ཀློག་གྲངས།