ལྔ་དང་ལྔ་བཅུའི་མདུན་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༡༣    ཕྱི་ལོ་ ༢༠༡༨/༨ /༢༢

སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་སྣེ་ཁྲིད་པའི་སྐབས་འདིའི་བཀའ་ཤག་གི་ངོས་ནས་ལྔ་དང་ལྔ་བཅུའི་འཆར་གཞི་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་འཚོགས་པ་དང་། དཔལ་འབྱོར་འདུ་འགོད་བྱེད་པ་སོགས་ལས་འཆར་མང་པོ་ཞིག་བང་བསྒྲིགས་འདུག ད་ལན་ཡང་ན་གཞོན་ཤེས་ལྡན་པ་ཚོའི་བསམ་ཚུལ་གང་ཡོད་བསྡུ་རུབ་ཀྱི་ཆེད་དུ་ལྔ་དང་ལྔ་བཅུའི་ཚོགས་ཆེན་ཞིག་འཚོགས་ཡོད་པ་རེད། འདི་དང་འབྲེལ་ནས་ཚོགས་ཞུགས་པའི་ནང་བོད་སྐད་ཤེས་མཁན་ཡོད་མེད་དང་། བོད་ཡིག་གི་ཡིག་ཆ་ཁག་ཏུ་ཡིག་ནོར་ཡོད་མེད་སོགས་ལ་བསམ་ཚུལ་ཤོད་མཁན་འདུག་ཀྱང་། དེ་དག་སྐབས་འདིར་གླེང་བྱ་གཙོ་བོར་མ་མཐོང་ཞིང་། གཙོ་ཆེ་བ་ལྔ་དང་ལྔ་བཅུའི་ཕུགས་དམིགས་དང་ཁ་ཚ་དགོས་གཏུག་གི་དགོས་མཁོ་སོགས་རོབ་ཙམ་གླེང་རྒྱུ་ཡིན། མ་འོངས་པའི་ལོ་ལྔའི་ནང་རྒྱ་ནག་གི་དཔོན་རིགས་ཁག་དང་མཉམ་དུ་བོད་རྒྱ་ཞི་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་ཡོང་ཐབས་བྱ་རྒྱུ་དང་། དེ་ལྟར་མ་བྱུང་བར་བཙན་བྱོལ་བོད་མི་རྣམས་མུ་མཐུད་བཙན་བྱོལ་དུ་མི་ལོ་ལྔ་བཅུའི་རིང་གནས་སྡོད་བྱེད་དགོས་བྱུང་ཡང་བོད་པའི་རྩ་དོན་མ་བརླགས་པར་གནས་ཐུབ་པ་བྱ་རྒྱུ་དེ་རེད།

སྤྱིར་འཛམ་གླིང་གི་དཔོན་རིགས་ཁག་སྲིད་ཁྲིར་སླེབས་ཡོང་བའི་སྐབས་སུ་འབོད་ཚིག་གམ། གཞི་རྩའི་རྩ་དོན་ནམ་ལངས་ཕྱོགས་ཚིག་གནད་ཁ་ཤས་རེ་སྒྲོག་སྲོལ་ཡོད་པ་བཞིན། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་“བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་”བཅས་གཞི་རྩའི་ལྟ་གྲུབ་ཏུ་གཏན་འབེབས་གནང་བ་དང་། འབུམ་རམས་པ་བློ་བཟང་སེང་གེས། “གཅིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་”བཅས་གཞི་རྩའི་ལྟ་གྲུབ་བམ་ལངས་ཕྱོགས་སུ་གཏན་འབེབས་གནང་བ་རེད། གོང་དུ་དྲངས་པའི་ཁོང་རྣམ་པ་གཉིས་ཀྱི་གཞི་རྩའི་ལངས་ཕྱོགས་དེ་ཉིད་བསྔགས་བརྗོད་འོས་པའི་ཚིག་ཡིད་ལ་འཐད་པོ་ཞིག་ཡིན་ནའང་། དོན་དངོས་སུ་གནད་དོན་དེ་དག་ལག་བསྟར་བྱེད་པར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཞོགས་འདེགས་དང་། ཁྲིམས་ལུགས་ཀྱི་རྒྱབ་རྟེན་ངེས་ཅན་ཞིག་དགོས་པ་ལས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ལྟོས་ནས་བཤད་ན་ཚུལ་བཞིན་ལག་བསྟར་བྱེད་ཐུབ་པ་ཞིག་གང་ཡང་མིན། དེར་བརྟེན་ཚིག་སྙན་པ་ཙམ་ལས་ལག་ལེན་ཐོག་ཅི་ཙམ་འཁྱོལ་ཐུབ་ཡོད་མེད་དེ་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་ན་ཤེས་ཐུབ།

ད་ལྟ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་གཞི་འདི་ཡང་ཆ་ཚང་ལག་བསྟར་ཐུབ་པ་ཞིག་ཡོང་བར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། མ་འོངས་པའི་མི་ལོ་ལྔའི་རིང་རྒྱ་དམར་གཞུང་དང་མཉམ་དུ་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་ཡོང་དང་མི་ཡོང་ནི་རྒྱ་དམར་གཞུང་ཁོ་ནའི་ལག་ཏུ་ཡོད་པས། དམིགས་ཚད་དེ་ལྟར་འཛིན་ཆོག་པ་ལས་གྲུབ་འབྲས་དེ་ལྟ་བུ་ཞིག་ཡོང་རེ་གང་ཡང་མི་འདུག བོད་རྒྱའི་གནད་དོན་ཐག་གཅོད་མ་བྱུང་བར་མུ་མཐུད་བཙན་བྱོལ་དུ་གནས་སྡོད་བྱེད་དགོས་བྱུང་ན། བོད་ཀྱི་རྩ་དོན་མ་བརླགས་པར་གནས་ཐུབ་མིན་གྱི་ཐོག་ལའང་དཀའ་ངལ་མང་པོ་ཡོད་ཀྱང་ཤུགས་རྒྱག་སའི་གཞི་རྩ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད། དེ་ཡང་ཁ་གསལ་ཙམ་བཤད་ན་ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་དུ་ཡོད་པ་དག་ཀྱང་ཕལ་མོ་ཆེ་སྟབས་འགྲིག་མིན་ཙམ་ལས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུའི་རེ་བ་མི་རྒྱག་མཁན་དཀོན་སྟབས། གཞིས་ཆགས་ཁག་གི་འཆར་གཞི་རྣམས་ཡང་དག་མིན་ལ་མ་ལྟོས་པར་ལག་བསྟར་ཡོང་རྒྱུར་དཀའ་ཁག་མང་པོ་ཡོད།

ལྔ་བཅུའི་དམིགས་ཡུལ་འདི་ཟས་གོས་ཀྱི་ཐོག་ནས་འཚོ་བ་རང་རྐྱ་འཕེར་བ་ཞིག་ཡོང་བ་ཙམ་ལ་གོ་བ་བླངས་ན་ཕན་ཐོགས་གང་ཡང་མེད་པ་དང་། དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་འབད་བརྩོན་ཆེན་པོ་ཞིག་མ་གནང་ཡང་། དུས་རབས་ཉེར་གཅིག་པར་མི་ཚང་མས་རང་ཁ་རང་གིས་མི་སོས་པའི་དཀའ་ངལ་ཆེན་པོ་ཡོད་མཁན་ཅུང་དཀོན་པོ་རེད། དེ་ལྟ་བུའི་བསམ་བློ་དང་དཀའ་ངལ་ཡོད་མཁན་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་རམ་ཇི་ལྟར་གནང་ཡང་གཞན་བརྟེན་གྱི་བསམ་བློ་སྒྱུར་མ་ཐུབ་པ་དེ་སྲིད་དུ་རྒྱ་ཆེ་ས་ནས་ཕན་ཐོགས་གང་ཡང་མེད། ལྔ་བཅུའི་དགོས་དོན་གཙོ་བོ་ནི་མ་འོངས་པར་བཙན་བྱོལ་དུ་མི་ལོ་ལྔ་བཅུའི་རིང་གནས་སྡོད་བྱེད་དགོས་བྱུང་ཡང་། བོད་པའི་འདུ་ཤེས་དང་བོད་དོན་འཐབ་རྩོད་ཀྱི་བསམ་བློ་མི་བརླག་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་ཐུབ་ཅིང་། མི་རིགས་གཞན་གྱི་རིག་གནས་ལ་ཤེས་རྒྱ་ཟབ་པའི་མི་རབས་ཤིག་སྐྱེད་སྲིང་བྱེད་ཐུབ་པར་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ་དང་། དེའི་ཆེད་དུ་མཐུན་རྐྱེན་སྦྱར་རྒྱུ་རྩ་དོན་དུ་བཟུང་ན་ལྔ་བཅུའི་དམིགས་ཚད་འགྲུབ་ངེས་པ་དང་། དེའི་ཐོག་ལ་ནུས་པ་དང་གོ་སྐབས་གཉིས་ཀ་ཡོད་ངེས་རེད།

མདོར་ན་འབོད་ཚིག་སྟོང་པ་ཙམ་མ་ཡིན་པར་ལྔ་དང་ལྔ་བཅུའི་འཆར་གཞི་ནི་གལ་ཆེ་ལ་དོན་སྙིང་དང་ལྡན་པ་ཞིག་ཡིན་པ་དང་། ལྷག་པར་དུ་ལྔ་བཅུའི་འཆར་གཞི་འདི་ལྟ་བུ་ཞིག་ལག་བསྟར་མ་ཐུབ་ན་མ་འོངས་པར་བཙན་བྱོལ་ནང་གི་མི་རབས་རིམ་བཞིན་བརྗེས་ནས་ཡོང་སྐབས། རིགས་རྒྱུད་བོད་པ་ཡིན་པ་ཙམ་ལས་དོན་གྱི་བོད་པ་རྣལ་མ་ཞིག་ཡོང་རྒྱུ་ཁག་པོ་རེད། གཟུགས་ཆུང་ཆུང་དང་། སྣ་ལེབ་ལེབ། མིག་ཆུང་ཆུང་ཡིན་པ་རྒྱ་མི་དང་བོད་པ་མི་འདྲ་བ་ཆེན་པོ་མེད་སྟབས་མི་རིགས་གཞན་ཞིག་གིས་བལྟས་ན་བོད་པ་ཡིན་པའི་དམིགས་བསལ་རྟོགས་མི་ཐུབ་པ་ཞིག་རེད། བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པ་ཞིག་གིས་བོད་པའི་ཆོས་དང་རིག་གནས་ཤེས་མི་ཐུབ་ལ། མི་རིགས་ཀྱི་ལར་ཞེན་ཙམ་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་རྒྱབ་ལྗོངས་གཏིང་ཟབ་མི་ཤེས་པའི་ཞེན་ཁོག་ཙམ་ཡིན། དེར་བརྟེན་གོང་དུ་བརྗོད་པ་བཞིན་བོད་པའི་འདུ་ཤེས་ཟབ་མོ་ཡོད་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་ཤེས་པ། སྙིང་སྟོབས་དང་འཇོན་ཐང་ལྡན་པའི་མི་རབས་ཤིག་གསོ་སྐྱོང་བྱེད་པའི་འཆར་གཞི་སྒྲིག་མ་ཐུབ་ན་བོད་པའི་མིང་ཙམ་དུ་འགྱུར་རྒྱུར་བར་ཐག་རིང་པོ་ལྷག་མེད།།

Share this:
༤༨ ཀློག་གྲངས།