བཀྲ་ཤིས་དབང་ཕྱུག་གི་བསྐྱར་གཏུག་ལ་ཁྲིམས་ཁང་གིས་ངོས་ལེན་བྱས་མི་འདུག

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གིས། དེ་སྔོན་རྒྱ་ནག་གཞུང་གི་འབྲིང་རིམ་ཁྲིམས་ཁང་ཞིག་གིས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར། མཐོ་རིམ་ཁྲིམས་ཁང་ཞིག་ལ་བསྐྱར་གཏུག་བྱས་ཡོད་ཀྱང་། ཁྲིམས་ཁང་དེས་ངོས་ལེན་བྱས་མེད་པ་རེད་འདུག

ཟླ་༨ པའི་ཚེས་༢༣ ཉིན་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལཱེང་ཞའོ་ཅུན་གྱིས་སྤྱི་ཚོགས་བརྒྱུད་ལམ་ཐོག་ཏུ། མཐོ་རིམ་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་དང་ཁྲིམས་རྩོད་པ་གཉིས་ཀྱི་བསྐྱར་གཏུག་གི་བསྒྲགས་གཏམ་ལ་ངོས་ལེན་མ་བྱས་པར། དེ་སྔོན་འབྲིང་རིམ་ཁྲིམས་ཁང་གི་ཁྲིམས་ཆད་དེར་རྒྱབ་སྐྱོར་བྱས་སྐོར་བཀོད་ཡོད་འདུག

ཁྲིམས་ཁང་གི་ཡིག་ཆའི་ཐོག་བཀོད་པ་ལྟར་ན། ཟླ་༧ པའི་ཚེས་༣༠ ཉིན་བཀྲ་ཤིས་དབང་ཕྱུག་གི་བསྐྱར་གཏུག་ལ་ངོས་ལེན་བྱས་མེད་པ་དང་། ཟླ་༨ པའི་ཚེས་༡༣ ཉིན་ཡུལ་ཤུལ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞེས་པ་དེར་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་། སྐབས་དེར་ཁོང་གི་ནང་མི་རྣམས་ཁྲིམས་ཁང་གི་ཐག་གཅོད་དེར་ཉན་འཇོག་བྱེད་དུ་བཅུག་མི་འདུག དེ་བཞིན་ཁྲིམས་ཁང་གི་ཡིག་ཆའི་ནང་བཀྲ་ཤིས་དབང་ཕྱུག་གིས་གནས་ཚུལ་རྫུན་བཟོ་བྱས་པ་དང་། གཞུང་གི་གྲངས་ཉུང་མི་རིགས་ཐོག་ལ་འཛིན་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ། དེ་བཞིན་གྲངས་ཉུང་མི་རིགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་ཡོད་པས། མི་སེར་ལ་ཡོད་པའི་སྨྲ་བརྗོད་རང་དབང་གི་ཁྲིམས་ལས་འགལ་ཡོད་པ་མ་ཟད། དེ་ནི་ཆེད་དུ་མངགས་ནས་བྱས་ཡོད་པ་གསལ་པོ་ཡིན་པས། ཁོང་གི་བསྐྱར་གཏུག་བྱེད་པའི་རྒྱུ་མཚན་དང་ཁྲིམས་རྩོད་པའི་བསམ་ཚུལ་ར་སྤྲོད་ཐུབ་ཀྱི་མེད་ཚུལ་དང་ཁྲིམས་ཁང་གིས་ངེས་ལེན་མེད་སྐོར་བཀོད་ཡོད་འདུག

ཕྱི་ལོ་༢༠༡༥ ལོར་ཨ་རིའི་ནིའུ་ཡོག་དུས་བབ་ནས། བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་འཁོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་ཡོད་པ་དང་། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་བྱེད་དུ་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་ཀྱི་སྐོར་ལ་བརྙན་ཞིག་སྤེལ་ནས་ཟླ་བ་༢ སོང་རྗེས། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༢༧ ཉིན་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༡ པོའི་ཚེས་༤ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ། ཁོང་ལ་ཁྲིམས་བཤེར་བྱས་ཡོད་ཀྱང་ཁྲིམས་ཐག་བཅད་མེད་པ་རེད། སྐབས་དེར་རྒྱ་ནག་གཞུང་གི་སྤྱི་དམངས་ཁྲིམས་རྩོད་པས། ཕྱི་ལོ་༢༠༡༥ ལོར་བཀྲ་ཤིས་དབང་ཕྱུག་གིས་ནིའུ་ཡོག་དུས་བབ་ཀྱི་བརྙན་ཐུང་ཞིག་ནང་སྐད་ཆ་བཤད་ཡོད་པ་དེ་དཔང་རྟགས་གཙོ་བོར་གཤོམ་སྒྲིག་བྱས་ཡོད་པ་རེད། རྗེས་སུ་ཟླ་༥ པའི་ཚེས་༢༢ ཉིན་ཁྲིམས་ཁང་དེས། བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་གཞིའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༡ ཀློག་གྲངས།