རྒྱ་ནག་གི་ཚོང་ལས་ཁང་གཉིས་ཀྱི་ལས་གཞི་ཞིག་ཨོ་སི་ཀྲོ་ལི་ཡ་ནས་བཀག་སྡོམ་བྱས་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འཕྲུལ་ཆས་ཚོང་ལས་ཁང་ཧའ་ཝེ་(Huawei) དང་ཛེ་ཊི་ཨི་(ZTE)ཟེར་བ་གཉིས་ཀྱིས། ཨོ་སི་ཀྲོ་ལི་ཡ་ནས་ཁོ་རང་ཚོའི་ཁ་པར་ནང་བརྡ་རྟགས་ཀྱི་ཤུགས་ཚད་(5G)ཡོད་པ་བཟོ་རྒྱུར་བརྩོན་བཞིན་ཡོད་འདུག་ཀྱང་། ཨོ་སི་ཀྲོ་ལི་ཡའི་གཞུང་གིས་ལས་གཞི་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་ངོས་འཛིན་ཐོག་བཀག་སྡོམ་བྱས་ཡོད་འདུག

དེ་ཡང་ཨོ་སི་ཀྲོ་ལི་ཡའི་གཞུང་གིས། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ཕྱི་རྒྱལ་གྱི་ཚོང་ལས་ཁང་གི་བཀས་བཀོད་འོག་ཡོད་སྲིད་པའི་ཅ་དངོས་འཚོང་མཁན་བྱ་རྒྱུ་ནི་ཉེན་འཚབ་རེད། ཅེས་བསྒྲགས་ཡོད་འདུག་རུང་། ཐད་ཀར་རྒྱ་ནག་གི་ཚོང་ལས་ཁང་གཉིས་ཀྱི་མིང་འདོན་བྱས་མེད་འདུག འོན་ཀྱང་། རྒྱ་ནག་གི་ཚོང་ལས་ཁང་གཉིས་ཀྱིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་བརྒྱུད་ཨོ་སི་ཀྲོ་ལི་ཡའི་གཞུང་ནས་ཁོ་རང་ཚོའི་ལས་གཞི་བཀག་སྡོམ་བྱ་རྒྱུའི་བཀའ་བཏང་བྱུང་སྐོར་བསྒྲགས་ཡོད་འདུག

ཨོ་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་གི་ལས་གཞི་བཀག་སྡོམ་བྱས་པའི་གནད་དོན་འདི་ནི། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཞན་དུ་འགྲོ་བཞིན་པའི་དུས་སྐབས་སུ་བྱུང་བ་ཞིག་ཡིན་འདུག་པ་མ་ཟད། འདི་ལོའི་ཕྱི་ཟླ་༦ པའི་ནང་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་ཐེ་ཇུས་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་བཅས་པའི་རྗེས་སུ་བྱུང་བ་ཞིག་ཀྱང་ཡིན་འདུག

ཧའ་ཝེ་ཚོང་ལས་ཁང་འཛུགས་མཁན་རེན་ཀྲིང་ཧྥེ་ནི་རྒྱ་ནག་དམག་མིའི་ལས་བྱེད་ཟུར་པ་ཞིག་ཡིན་སྟབས་ཚོང་ལས་ཁང་དེ་དང་། རྒྱ་དམག་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་ཡོད་འདུག་པ་དང་། དེ་བཞིན་ཛེ་ཊི་ཨི་ཚོང་ལས་ཁང་ཡང་དེ་སྔོན་ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་གཉིས་ཀས་སོ་སོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ཚོང་ལས་ཁང་གཉིས་སུ་འགྱུར་སྲིད་པར་ངོས་འཛིན་བྱས་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༡༣༥ ཀློག་གྲངས།