ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་འདས་གྲོངས་གྱུར་པར་ཐུགས་གསོའི་གསུང་འཕྲིན།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་ཇོན་མེ་ཀེན་(Senator John McCain)འདས་གྲོངས་སུ་གྱུར་ཡོད་སྟབས། ༧གོང་ས་མཆོག་ནས་ཟླ་འདིའི་ཕྱི་ཚེས་༢༦ ཉིན་ཁོང་གི་སྐུ་ཟླ་ལྕམ་སིན་ཌི་མེ་ཀེན་(Mrs. Cindy McCain)ལ་གདུང་སེམས་མཉམ་བསྐྱེད་དང་གུས་འདུད་ཀྱི་གསུང་འཕྲིན་ཞིག་བསྩལ་འདུག་པའི་ནང་“ཁྱེད་དང་ནང་མི་ལྷན་རྒྱས་སྐྱོ་སྣང་གིས་ཁེངས་པའི་དུས་འདིར་ངོས་ཀྱིས་སེམས་གསོ་ཞུ་རྒྱུ་ཡིན།”ཞེས་དང་། “ངོས་རང་དམ་པ་ཁོང་དང་ཕྱི་ལོ་༢༠༠༨ ལོར་ཨ་སི་པེན་(Aspen) གྲོང་ཁྱེར་དུ་མཇལ་རྒྱུ་བྱུང་བ་དེ་ནི་དགའ་ཚོར་སྐྱེ་གཞི་ཞིག་ཡིན། དམ་པ་ཁོང་གིས་ལྷག་བསམ་རྣམ་དག་ཐོག་ལོ་མང་རིང་ཨ་རིའི་མི་མང་ལ་སྲི་ཞུ་བསྒྲུབས་པ་དེར་ངོས་ཀྱིས་ཡུན་རིང་ནས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་”ཅེས་དང་། དེ་བཞིན་༧གོང་ས་མཆོག་གིས་“དམ་པ་ཁོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག་དོན་དམ་གྱིས་སེམས་ཁུར་གནང་བ་སྤྱི་དང་། ལྷག་པར་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བར་ངོས་ཀྱིས་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད་”ཅེས་དགའ་ལྡན་ཕོ་བྲང་གི་དབྱིན་ཡིག་དྲ་རྒྱའི་ནང་འཁོད་འདུག

ཇོན་མེ་ཀེན་གྱིས་ཆུང་དུས་སུ་མཚོ་དམག་གི་ཐོག་ལ་སློབ་གཉེར་གྲུབ་རྗེས་བགྲང་བྱ་བཅུ་ཕྲག་གཉིས་རིང་ཨ་རིའི་མཚོ་དམག་གི་ཐོག་ཕྱག་ལས་གནང་ཡོད་འདུག་ཁར། ཨ་རིའི་མངའ་སྡེ་ཨ་རི་ཛོ་ནའི་སྐུ་ཚབ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལོ་༣༥ རིང་གནང་ཡོད་འདུག་པ་དང་། འདི་ལོའི་ཕྱི་ཟླ་༨ པའི་ཕྱི་ཚེས་༢༥ ཉིན་ཀླད་པའི་འབྲས་ནད་ཀྱི་དབང་གིས་ཁོང་དགུང་ལོ་༨༡ ཐོག་འདས་གྲོངས་སུ་སོང་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༨༣ ཀློག་གྲངས།