འཇར་མན་ནང་མི་རིགས་རིང་ལུགས་མཁྲེགས་འཛིན་པ་ཚོས་ངོ་རྒོལ་བྱས་འདུག

འཇར་མན་གྱི་གྲོང་ཁྱེར་ཞིག་ནང་དུ། མི་རིགས་རིང་ལུགས་མཁྲེགས་འཛིན་པ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། སྐབས་དེར་འཇར་མན་མི་རིགས་མིན་པ་ཁག་ཅིག་ལ་དྲག་རྡུང་དང་ནཱ་ཛིའི་དུས་སྐབས་ཀྱི་གུས་འདུད་བྱེད་སྟངས་བཀོལ་སྤྱོད་བྱས་འདུག་པས། ཁྲིམས་འགལ་གྱི་བྱ་སྤྱོད་དེར་རྟོག་ཞིབ་བྱེད་བཞིན་པ་རེད་འདུག

ཟླ་༨ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཇར་མན་གྱི་གྲོང་ཁྱེར་ཆཱེམ་ནི་ཛེའི་ནང་དུ།  མི་ཁག་ཅིག་བར་རྒྱག་རེས་ཤོར་ནས་མི་ཞིག་ལ་གྲི་བརྒྱབ་ནས་བསད་ཡོད་འདུག་པ་དང་། གསོད་མཁན་གྱི་དོགས་གཞིའི་འོག་སི་རི་ཡ་དང་ཨི་རག་གི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཡོད་འདུག

རང་སྲོག་ཤོར་མཁན་མི་དེའི་མ་འཇར་མན་དང་ཕ་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁེའུ་བྷ་ནས་ཡིན་འདུག་ཀྱང་། བརྒྱུད་ལམ་ཁག་ཏུ་གནས་སྤོ་བ་གཉིས་ཀྱིས་འཇར་མན་མི་རིགས་ཤིག་བསད་སྐོར་ཁྱབ་ནས། ཕྱི་ཉིན་གྱི་དགོང་མོ་དེར་མི་རིགས་རིང་ལུགས་མཁྲེགས་འཛིན་པ་༦༠༠༠ ལྷག་གྲོང་ཁྱེར་དེར་སླེབས་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། སྐབས་དེར་ཁོ་ཚོར་ཁ་གཏད་གཅོག་མཁན་ངོ་རྒོལ་ལས་འགུལ་བ་༡༠༠༠ སླེབས་ཡོད་འདུག

མི་བསད་པའི་གནད་དོན་དེར་ངོ་རྒོལ་ལས་འགུལ་སྤེལ་མཁན་ཁྲོད་དུ་ནཱ་ཛིའི་དུས་སྐབས་ཀྱི་གུས་འདུད་བྱེད་སྟངས་བེད་སྤྱོད་བྱེད་མཁན་བྱུང་ཡོད་འདུག་པ་དང་། དམག་ཆེན་གཉིས་པའི་རྗེས་སུ་གུས་འདུད་བྱེད་སྟངས་དེ་ཁྲིམས་འགལ་བཟོས་ཡོད་འདུག དེ་ལྟར་བྱས་ཚེ་དངུལ་ཆད་དང་བཙོན་ཆད་འཕོག་སྲིད་པ་ཡིན་པས། ད་ལྟའི་ཆར་གུས་འདུད་དེ་བེད་སྤྱད་པའི་གནད་དོན་ལ་རྟོག་ཞིབ་བྱེད་བཞིན་པ་རེད་འདུག

མི་རིགས་རིང་ལུགས་མཁྲེགས་འཛིན་པ་༦༠༠༠ ལྷག་ནས་མང་པོ་ཞིག་འཇར་མན་གྱི་ཤར་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ཁག་ནས་ལས་འགུལ་དེ་སྤེལ་ཆེད་སླེབས་ཡོད་འདུག་པ་དང་། སྐབས་དེར་ཉེན་རྟོག་པ་༥༩༡ ལས་མེད་འདུག སྐབས་དེར་ཕྱི་རྒྱལ་བ་ཁག་ཅིག་ངོ་རྒོལ་བ་དེ་དག་གིས་རྗེས་དེད་བཏང་ནས་རྡུང་རྡེག་བཏང་བའི་གནད་དོན་ལྷག་ཡོད་ཁར། ཤོག་སྦག་སྤར་ནས་གཡུགས་པ་དང་ཅ་ལག་གཞན་གཡུགས་པ་སོགས་བྱས་རྐྱེན་ཉུང་མཐར་མི་༢༠ ལ་རྨས་སྐྱོན་བཟོས་ཡོད་འདུག

སྤྱིར་ཆཱེམ་ནི་ཛེ་གྲོང་ཁྱེར་དེ་སཱེ་སོ་ནི་(Saxony) མངའ་ཁུལ་དུ་ཡོད་འདུག་པ་དང་། ཁུལ་དེར་གནས་སྤོ་བར་ཁ་གཏད་ཀྱི་ལས་འགུལ་དང་། དེ་བཞིན་ཡུ་རོབ་ནང་ཁ་ཆེ་ཆོས་ལུགས་ཁྱབ་སྤེལ་ལ་འགོག་རྒོལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་རེད་འདུག་པ་དང་། ཁུལ་དེའི་མི་ཚོས་འཇར་མན་སྲིད་བློན་ལྕམ་མེར་ཁེལ་གྱི་གནས་སྤོ་བའི་གུ་ཡངས་སྲིད་བྱུས་ལ་དགག་བྱ་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ལྕམ་མེར་ཁེལ་གྱིས་མི་རིགས་རིང་ལུགས་མཁྲེགས་འཛིན་པའི་ངོ་རྒོལ་དེར་སྐྱོན་བརྗོད་བྱས་འདུག་པ་དང་། ཁོང་གི་མགྲིན་ཚབ་པས། གཞུང་གིས་ཁྲིམས་འགལ་གྱི་འདུ་འཛོམས་དེ་རིགས་དང་། རང་དང་མི་འདྲ་བའི་མི་གཞན་ལ་རྡུང་རྡེག མངའ་ཁུལ་དེར་ཞེ་སྡང་ཁྱབ་སྤེལ་བྱེད་ཐབས་བྱེད་པ་སོགས་ལ་བཟོད་སྒོམ་བྱེད་ཐབས་མེད་པས། བྱེད་སྟངས་དེ་རིགས་ལ་དགག་བྱ་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༥ ལོར་འཇར་མན་གྱི་སྲིད་བློན་ལྕམ་མེར་ཁེལ་གྱིས་སྐྱབས་བཅོལ་བ་༨༩༠༠༠༠ ལ་སྐྱབས་བཅོལ་སྤྲད་ཡོད་པས། འཇར་མན་གྱི་ཕྱོགས་འགལ་ཚོགས་པ་དང་མི་རིགས་རིང་ལུགས་མཁྲེགས་འཛིན་པ་ཚོས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཕྱི་ལོ་༢༠༡༧ ལོའི་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་ཀྱང་། གཞུང་འཛིན་པའི་དགོས་ངེས་ཀྱི་བརྒྱ་ཆ་༥༠ ཐོབ་མེད་ཁར། སྐབས་སྔོན་མའི་འོས་བསྡུའི་གྲུབ་དོན་ལས་རྐུབ་སྟེགས་༦༠ ལས་མང་བ་ཉུང་དུ་ཕྱིན་ནས། སྲིད་དོན་ཚོགས་པ་གཞན་དང་ཟླ་སྒྲིལ་བྱས་ཏེ་གཞུང་འཛིན་དགོས་པ་ཆགས་ཡོད་ཁར། དམག་ཆེན་གཉིས་པའི་རྗེས་སུ་ཐེངས་དང་པོར་འཇར་མན་གྱི་མི་རིགས་རིང་ལུགས་མཁྲེགས་འཛིན་པའི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་ཡོད་པ་དང་། དེ་ཡང་རྐུབ་སྟེགས་༩༠ ལས་མང་བ་ཐོབ་ཡོད་པ་རེད། འཇར་མན་གྱི་མི་མང་སྡེ་ཁག་ཁ་ཤས་ནང་དུ་མི་རིགས་གཞན་ལ་སྡང་སེམས་ཆེ་རུ་དང་བཟོད་སྲན་ཆུང་དུ་འགྲོ་བཞིན་པའི་རྣམ་པ་ཐོན་ཡོད་པ་རེད།

དེང་གི་ཆར་ཨ་རི་གཙོས་པའི་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་ནང་མི་རིགས་དཀར་པོ་མིན་པའི་མི་རིགས་གཞན་དང་གནས་སྤོ་བ་རྣམས་ལ་སྡང་སེམས་ཀྱི་ལས་འགུལ་སྤེལ་བའི་གནད་དོན་མང་པོ་ལྷག་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༢༧ ཀློག་གྲངས།