ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བོད་པ་ནང་ཚགས་ལ་བཤད་དགོས་པ་མེད།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་(Secular Ethics)ཞེས་པ་ནི་འཛམ་གླིང་ཚང་མར་ཁྱབ་ཐུབ་པ་ཞིག་ཡིན་པ་དང་། བོད་པའི་སློབ་གྲྭའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཆོས་དད་མེད་མཁན་ཚོར་བཤད་པ་ལྟར་བཤད་དགོས་ཀྱི་མེད་སྐོར་༧གོང་ས་མཆོག་གིས་གསུངས་འདུག

ཕྱི་ཟླ་༨ པའི་ཕྱི་ཚེས་༢༩ ཉིན་དྷ་སའི་ཉེ་འཁྲིས་ས་རཱ་མཐོ་སློབ་ནས་ཐོན་པའི་སྐབས་དང་པོའི་ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲཱའི་སློབ་ཕྲུག་རྣམས་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་ཡོད་འདུག་ཅིང་། སྐབས་དེར་རྒྱ་གར་ནང་བོད་པ་བཙན་བྱོལ་བ་རྣམས་ཐོག་མར་འབྱོར་སྐབས་ནེའུ་རུའི་ཐུགས་འཁུར་འོག སློབ་གྲྭ་དང་དགོན་སྡེ་ཁག་གསར་འཛུགས་ཀྱིས་རིམ་བཞིན་ཚན་རིག་པ་རྣམས་དང་མཇལ་འཕྲད་བྱུང་སྐོར་ཐོག་བཀའ་སློབ་བསྩལ་དོན་དུ་“ང་ཚོ་རྒྱ་གར་དུ་སླེབ་སྐབས་རང་རེའི་སྐད་ཡིག་དང་རིག་གཞུང་རྣམས་མི་ཉམས་པའི་ཐོག་ནས་བདག་པོ་བརྒྱབས་ཐུབ་ན་བསམ་པའི་དབང་གིས་བསྡད་པ་རེད། སྟབས་ལེགས་པ་ཞིག་ལ་བོད་ནས་གཞུང་ཆེན་སློབ་གཉེར་བྱེད་མཁན་དགེ་འདུན་པ་གཙོ་བོ་སེ་འབྲས་ནས་ཕལ་ཆེར་སྟོང་ཕྲག་གཉིས་ཙམ་ཕེབས་ཡོད་པ་རེད། གཞིས་ཆགས་ཆེན་པོ་ཞིག་འཛུགས་ཡོང་སྐབས་སྦག་ས་ཆོས་སྒར་ནས་བྱེས་ཀྱི་གདན་ས་གསུམ་གནས་སྤོ་བྱས་པ་དེས་མཚོན་པའི་ང་རང་ཚོའི་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུའི་ཐོག་སྲིད་བློན་ནེའུ་རུ་མཆོག་གིས་ཐུགས་ཁུར་ཆེན་པོ་བཞེས་པར་བརྟེན་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ང་ཚོར་སྐད་ཡིག་ཟུར་དུ་ཡོད་སྟབས་བོད་པའི་སློབ་གྲྭ་ཞིག་ཟུར་དུ་དགོས་ཀྱི་ཡོད་པ་ནེ་རུ་མཆོག་ལ་ཞུ་གཏུག་གནང་བ་ལྟར། ནེ་རུ་མཆོག་གིས་ཞལ་བཞེས་བཟང་པོ་ཐོབ་པ་དང་སྦྲགས། རྒྱབ་སྐྱོར་ཧ་ལས་པ་གནང་བྱུང་།  དེ་ནས་བོད་པའི་སློབ་གྲྭ་གསར་པ་འགོ་འཛུགས་གནང་བ་དང་། དེ་བཞིན་གཞུང་ཆེན་རྣམས་མུ་མཐུད་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པས་སློབ་གཉེར་བྱེད་རྒྱུ་དང་། དེ་རྣམས་བདག་པོ་རྒྱག་རྒྱུ་དེ་ཡིན། དེ་ནས་རིམ་པས་ཕྱི་རྒྱལ་གྱི་མཁས་པ་དང་ཚན་རིག་པའི་མཁས་པ་མང་པོ་དང་ལྷན་དུ་ཐུག་འཕྲད་སྐབས་ཁོང་ཚོས་མ་ཤེས་པ་མང་པོ་ཞིག་ང་ཚོས་ཤེས་ཀྱི་འདུག་བསམ་པའི་ངོས་རང་ལ་སྤོབས་པ་ཏོག་ཙམ་རྙེད་སྟབས་ཧམ་པ་ཏོག་ཙམ་ཆེ་རུ་ཕྱིན་པ་རེད། སོ་སོས་ལོ་སྟོང་ཕྲག་ལྷག་ནས་དར་བའི་དཔལ་ནཱ་ལེནྡྲ་རིག་གཞུང་དེ་བདག་པོ་རྒྱག་བཞིན་པ་དེ་རྒྱ་ཆེ་ས་ནས་ཕན་ཐོགས་བྱེད་ཐུབ་ནས་བསམ་པ་ཞིག་དང་། ལྷག་པར་ཚན་རིག་པ་རྣམས་ལ་ཕན་ཐོགས་བྱེད་བསམ་པ་རེད་”ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་སྤེལ་འདུག

དེ་བཞིན་༧གོང་ས་མཆོག་གིས་འཛམ་གླིང་སྤྱི་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགེ་མཚན་ཆེ་སྐོར་ཐོག་གསུང་དོན་དུ་“འཛམ་གླིང་ཞི་བདེ་ཞེས་མི་ཚང་མས་བཤད་ཀྱི་ཡོད་པ་རེད། ཞི་བདེ་ཟེར་དུས་ནང་གི་ཞི་བདེ་ཞིག་དགོས་རེད་མ་གཏོགས་སེམས་ནང་འདོད་ཆགས་དང་ཞེ་སྡང་། ང་རྒྱལ་དེ་རྣམས་ཤུགས་ཆེ་ཡོད་བཞིན་དུ་ཞི་བདེ་ཡོང་ཟེར་བ་ཁག་པོ་རེད།  དམིགས་བསལ་ཆོས་དད་མེད་མཁན་ཚོ་ཡིནའང་སེམས་ཁམས་རིག་པ་ཞེས་འགྲེལ་བཤད་བརྒྱག་རྒྱུ་ཆོས་ཀྱི་སྐད་ཆ་མིན་པ་དང་ཚད་མ་རིག་པའི་ཐོག་ནས་སེམས་ལ་ཞི་བདེ་ཡོད་ན་ལུས་པོ་བདེ་ཐང་ཡོང་གི་ཡོད་པ་དེ་ཚན་རིག་པས་བཤད་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics ཞེས་བཤད་ཡོང་སྐབས་འཛམ་གླིང་ཚང་མར་ཁྱབ་ཐུབ་རྒྱུ་ཞིག་རེད། ང་ཚོའི་སེམས་ཁམས་རིག་པའི་སྐོར་དང་ཆགས་སྡང་གི་བློར་གཉེན་པོ་བསྟེན་སྟངས་འདི་ཡོང་ས་རྒྱ་གར་ནས་རེད། ནང་པའི་གཞུང་ནས་བྱུང་བ་ཞིག་ཡིན་ཡང་གཞན་ལ་འཆད་སྐབས་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བཤད་རྒྱུ་ཞིག་རེད། འཛམ་བུ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད། མི་དུང་ཕྱུར་བདུན་ཅུ་ཡོད་ཁོངས་ནས་ཆོས་དད་མེད་མཁན་དུང་ཕྱུར་བཅུ་ཙམ་ཡོད་པ་བཤད་ཀྱི་ཡོད།   ང་རང་ཚོའི་དམིགས་བསལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ནས་ཕྱིན་པ་ཡིན་ན་འགྲོ་བ་མི་རིགས་ཀུན་ལ་ཁྱབ་ཐུབ་རྒྱུ་རེད་”ཅེས་གསུངས་ཡོད་འདུག

ཡང་༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཞེས་པ་དེ་བོད་པ་ནང་ཚགས་ལ་བཤད་དགོས་ཀྱི་མེད་སྐོར་ཐོག་གསུང་དོན་དུ་“ང་རང་ཚོའི་སློབ་གྲྭའི་ནང་ལ་མཚོན་ན་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་སྟབས་སྤྱིར་བཏང་ཆོས་དད་མེད་མཁན་ཚོར་བཤད་པ་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བའི་སྐད་ཆ་དེ་བོད་པ་ནང་ཚགས་ལ་བཤད་དགོས་པ་མེད།   གཞན་ལ་བཤད་དུས་འབྲེལ་བ་ཡོད། ང་ཚོ་བོད་ནང་ཁུལ་ཕ་མེས་ནས་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱིས་ཕུགས་རྒྱང་རིང་པོའི་དགོངས་བཞེས་གནང་སྟེ་བོད་པའི་སྐད་ཡིག་ལོག་ཏུ་བཟོས་པ་དང་། བོད་པའི་ཡི་གེ་དེའང་རྒྱ་ནག་ལས་དཔེ་མི་བླངས་པར་གཙོ་བོ་རྒྱ་གར་དེ་བ་ན་ག་རི་ཡི་གེ་ལས་དཔེར་བླངས་ནས་བཟོས་པ་ཞིག་ཡིན།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་དང་བལ་བཟའ་ལྷན་དུ་ཁྲུང་ས་སྐྱོན་པ་རེད། རྒྱ་མིའི་ཟ་མ་ཧ་ཅང་བཞེས་ཡོད་ཀྱང་བློ་གཏད་ས་དེ་རྒྱ་གར་ལྟ་བུ་རེད་འདུག བོད་པའི་ཡི་གེར་མཚོན་ན་རྒྱ་གར་གྱི་ཡི་གེར་དཔེ་བལྟས་པ་ཞིག་ཡིན། ད་ཆ་དངོས་ཡོད་གནས་ཚུལ་འཛམ་གླིང་འདིའི་སྟེང་རྒྱ་ཡིག་ལས་བོད་ཡིག་འདི་ཧ་ལས་པའི་གནས་ཚད་མཐོ་བ་ཡོད།  དེར་བརྟེན་ང་ཚོ་བོད་མི་རིགས་འདི་ཧ་ལས་པའི་གྱོང་པོ་རེད་འདུག ཆོས་དེའང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཤུགས་གཙོ་བོ་བསྐྱོན་པ་རེད། དེ་དུས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ཡོད་”ཅེས་སོགས་བཀའ་སློབ་སྩལ་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༠༢ ཀློག་གྲངས།