ལྔ་དང་ལྔ་བཅུའི་ཚོགས་འདུ་ལས་འཕྲོས་པའི་ཚིག་འགའ།

– ལྗང་གཞོན།

ཉེ་ཆར་བཙན་བྱོལ་བོད་མིའི་རྟེན་གཞི་ངྷ་རམ་ས་ལར་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ་ཞིག་ཉིན་བཞུའི་རིང་ཚོགས་པའི་སྔ་ནུབ་ཏུ། མི་འགའ་རེ་ཡིས་རང་ཉིད་ཚོགས་འདུ་དེར་མཉམ་ཞུགས་ཡོད་མེད་འདྲི་མཁན་བྱུང་བར། ཚོགས་ཁོངས་སུ་ཚུད་མིན་ལ་མ་བལྟས་པར་ཚོགས་འདུར་ངོས་ལེན་མེད་པའི་འདུ་ཤེས་ཀྱི་ཐད་ནས་འགྲོ་འཆར་མེད་སྐོར་གྱི་ལན་བཏབས་པ་ཡིན།

ངོས་ལེན་མེད་ཅེས་པའི་སྐད་ཆ་འདི་གཞུང་ལུགས་ཀྱིས་གྲུབ་པ་ཞིག་མིན་ན་ཡང་རང་ཉིད་ནས་ཚོགས་འདུའི་ངོ་གདོང་ལས་ད་སྔ་བྱུང་ཟིན་པ་དང་སྐབས་དེར་འབྱུང་ལ་ཉེ་བའི་ཚོགས་འདུར་སྔོན་དཔག་གིས་དོན་གནད་ཅིག་མ་མཐོང་བས་སོ།

སྔ་ལོར་ལྔ་དང་ལྔ་བཅུ་ཞེས་ཚོགས་ཆེན་མིང་གྲགས་ཅན་ཞིག་འཚོགས་ཡོད་ཅིང་། ཚོགས་ཆེན་དུ་བཙན་བྱོལ་གྱི་ཁྲི་ཟུར་དང་བཀའ་ཟུར། སྤྱི་ཟུར། གཞུང་ཞབས་ཟུར་པ། དེ་བཞིན་མི་སྣའི་གྲངས་འབོར་ལ་ལྟོས་མེད་ཀྱི་ལས་རིགས་ཁྱབ་ཁོངས་གཞན་དག་ནས་ཀྱང་ས་བཅད་མ་སྟོང་ཙམ་རེ་གདན་ཞུ་ཡོད་པའི་ཁར། བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་མང་པོ་ཞིག་འཛོམས། ལྷག་པར་དུ་བོད་ནི་འདས་མ་ལྟ་གསུམ་གང་དུ་ཡང་ཁོ་ཚོས་འབོད་པའི་རྒྱ་ནག་ཁྱིམ་ཚང་ཆེན་མོ་དང་ཁ་འབྲལ་ཐབས་མེད་པར་སྒྲུབ་མཁན། བོད་ཟེར་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་ད་ལྟའི་རྒྱ་ནག་སྲིད་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཙམ་ལ་ངོས་ཟིན་དགོས་པར་སྒྲུབ་མཁན་གྱི་རྒྱ་རིགས་ཀྱང་མི་ཉུང་པ་ཞིག་ཚོགས་ཞུགས་ཀྱིས་གཏམ་བཤད་སྤེལ།

ཚོགས་ཆེན་དེ་མ་འཚོགས་གོང་། རང་ཉིད་ཀྱི་ཚོད་དཔག་ཏུ་ཚོགས་ཆེན་གྱི་ངོ་བོ་རང་སྟེང་ནས། ད་སྔ་འཕྲད་ཟིན་པ་དང་ད་ལྟ་འཕྲད་བཞིན་པ། མ་འོངས་པར་འཕྲད་སྲིད་པའི་བོད་ཕྱི་ནང་གི་དཀའ་རྙོག་ལ་ངོས་འཛིན་གྱིས་མ་འོངས་ལོ་ལྔ་དང་ཡང་ན་ལོ་ལྔ་བཅུར་གནས་དགོས་བྱུང་ན་གདོང་ལེན་དང་གྲ་སྒྲིག་ཇི་ལྟར་བྱ་དགོས་པའི་འཐབ་ཇུས་འཆར་འགོད་རང་བཞིན་གྱི་ཚོགས་ཆེན་ཞིག་ཏུ་ངང་གིས་སྒུག་མོད། ཡོད་ཚད་མག་མོག་ངང་མཇུག་བསྒྲིལ་སོང་། ཚོགས་བཅར་བ་གང་མང་ཞིག་དང་གླེང་སློང་གི་མྱོང་པ་ལས་ད་གང་དྲག་བསམ་པའི་ཚོར་འདུ་དབུགས་རིང་ཞིག་དང་ལྷན་དུ་འབྱིན་དགོས་བྱུང་།

དེ་བས་ཉམ་ང་བ་ཞིག་ལ། བོད་ཀྱི་གྲོགས་པོ་རྒན་གྲས་རེ་ཟུང་ཞིག་ལ་རྗེས་སུ་ཁ་བརྡ་བྱུང་སྐབས། མགོ་བོ་འཕྲེད་དུ་གཡུག་བཞིན། ད་བོད་པ་ཚོས་ཅི་ཞིག་བྱེད་གི་ཡོད་རེད། ལྔ་དང་ལྔ་བཅུ་ཟེར་བ་དེ་སྒམ་མདོག་གི་མཐོ་རིམ་མི་སྣ་ཐུག་འཕྲད་དང་། ལོ་མང་མ་འཕྲད་པའི་མི་སྣ་ཚོའི་གནའ་བཤད་ད་བཤད་བྱེད་ས། མཐོ་རིམ་མི་སྣའི་(elite-life style) རྒྱས་སྤྲོས་ངོམ་ས་ཞིག་ལས། ཐ་ན་རང་ཉིད་ཀྱི་གནས་བབ་དང་རང་ཉིད་སུ་ཡིན་པ་ཙམ་ཡང་ངོ་འཕྲོད་ཀྱི་མེད་པ་འདྲ་ཞེས་ཁོང་དགོད་བྱེད་ཀྱི་འདུག

འདི་ལོ་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ན་གཞོན་མང་པོ་ཞིག་བསྐུངས་ཡོད་ཀྱང་། དོན་དངོས་ཐོག་འཐབ་ཇུས་འཆར་འགོད་ཀྱི་ཚོགས་འདུ་ཞིག་ལས་འདས་ཏེ། སོ་སོའི་བྱས་རྗེས་ངོམ་ས་དང་རྣམ་གཡང་། ལྷག་པར་དུ་རྒྱ་གར་ལ་སྐོར་བསྐྱོད་དུ་ཡོང་རྒྱུའི་གོ་སྐབས་ཙམ་ལས། དོན་གནད་ལ་རྒྱུ་མ་ཕུ་འདེད་ཀྱིས་དཀའ་རྙོག་ངོས་འཛིན་དང་། འབྱུུང་འགྱུུར་ལོ་ལྔ་དང་ལྔ་བཅུའི་ནང་སྲིད་ཇུས་རང་བཞིན་དང་འཐབ་རྩོད་རང་བཞིན། ཤེས་ཡོན་དང་འཚོ་གནས། སྲ་བརྟན་རྒྱུན་གནས་སོགས་ཀྱི་ཐད་ནས་འཆར་སྣང་ལ་གྲུབ་དོན་གྱི་གནས་བབ་གང་འདྲ་ཞིག་ལ་འཕེལ་ཐུབ་ཡོད་མེད་དྲི་རྟགས་ཆེན་པོ་ཞིག་ཏུ་སྣང་།

ཚོགས་ཞུགས་པ་མང་པོ་ཞིག་གིས་ཐེངས་འདིའི་ཚོགས་འདུའི་བརྒྱུད་རིམ་ཁྲོད་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་དགེ་བཤེས་ལྷག་རྡོར་གྱིས་སེམས་ཀྱི་བདེ་བའི་སྐོར་ནས་གཏམ་བཤད་བྱས་པ་གཉིས་ལ་དགའ་ཤོས་བྱེད་ཀྱི་འདུག སྤྱིར་༧གོང་ས་མཆོག་ལ་གསེར་ཞལ་མཇལ་རྒྱུ་བྱུང་ན་དགའ་སྤྲོ་མི་བྱེད་མཁན་ཞིག་མེད་ཀྱང་། ཐེངས་འདིའི་ཚོགས་འདུའི་གཙོ་གནད་དེ་མིན་སྟབས། ཚོགས་འདུ་རང་སྟེང་ནས་དགེ་སྐྱོན་དང་འདོད་བློ་ཁེངས་མིན་དེ་གནད་དོན་དངོས་རེད། ལྷག་པར་དུ་སེམས་ཀྱི་བདེ་བ་བཤད་སའི་སྡེངས་ཆ་དག་དག་ཅིག་ཆགས་ཡོད་མེད་དང་། ཚོགས་འདུ་གོ་སྒྲིག་བྱས་པའི་དགོས་དམིགས་དང་ཚོགས་ཞུགས་པའི་ཐོག་མའི་རེ་ལྟོས་ཚོགས་ཐོག་ནས་ཆོས་བཤད་རྒྱག་རྒྱུ་དེ་ཡིན་རྒྱུ་མ་རེད། དེ་ན་གོང་གི་སྣང་ཚུལ་དེ་ལས་ང་ཚོས་ཚོད་དཔག་ཁ་གསལ་ཞིག་བྱ་ཐུབ།

མདོ་བསྒྲིལ་ན། ཐེངས་འདིའི་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ་ཟེར་པ་དེ་ཤར་ནུབ་གང་སར་གནས་སྡོད་བྱེད་པའི་བོད་མི་གཞོན་སྐྱེས་ཚོ་ཕན་ཚུན་ངོ་ཤེས་དང་འབྲེལ་ལམ་བྱ་སའི་སྡིངས་ཆ་ཙམ་ལས། ལྔ་དང་ལྔ་བཅུའི་འཆར་སྣང་ལ་ཕྱོགས་ངོས་གང་ནས་བལྟས་ཀྱང་མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་རྒྱུན་གནས་ཐད་དོན་ཕན་ལྡན་པའི་འཐབ་ཇུས་རང་བཞིན་གྱི་སྒྲོམ་གཞི་ཞིག་ཡོང་མ་ཐུབ་པ་དེ་གོ་སྒྲིག་བྱ་མཁན་གྱི་འཆར་འགོད་དང་ཚོགས་ཞུགས་པའི་དོ་ཁུར་གང་ཐད་ནས་འཐུས་ཤོར་ཤིག་ཏུ་ངོས་འཛིན་མི་བྱེད་རང་བྱེད་ཅིག་ཏུ་གྱུར་ཡོད། །

 

Share this:
༤༩༤ ཀློག་གྲངས།