རྒྱ་ནག་འོག་ནས་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རྩད་གཅོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྒྱལ་སྤྱིིའི་གར་སོང་ཆ་མེད་དུ་གྱུར་པའི་སྐྱེ་བོའི་ཉིན་མོ་སྲུང་བརྩི་ཞུས་ནས། ཉིན་མོ་དེ་དང་འབྲེལ་བའི་དགོས་འདུན་དོན་ཚན་བཞི་རྒྱ་ནག་གཞུང་ལ་བཏོན་སོང་།

ཕྱི་ཟླ་༨ པའི་ཕྱི་ཚེས་༣༠ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དྷ་ས་མེག་གྷན་དུ། གྱང་སྦྱར་དང་འཕྲེད་དར་ཐོག་རྒྱ་གཞུང་གི་དྲག་པོའི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་བོད་པ་རྣམས་ཀྱི་འདྲ་པར་དང་། མིང་། གར་སོང་ཆ་མེད་དུ་གྱུར་པའི་ལོ་དུས་སོགས་བཀོད་པའི་ཐོག་ནས་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་པའི་སྐྱེ་བོའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་། རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་བཏོན་སོང་།

དེ་ཡང་ལས་འགུལ་སྐབས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་“བོད་ནང་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱི་རྐྱེན་པས་གར་སོང་ཆ་མེད་དུ་གྱུར་པ་རྣམས་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་སུ་ཡོད་པ་དེ་དག་མཚམས་འཇོག་བྱེད་དགོས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་པའི་གནས་སྟངས་ལ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བརྡ་ལན་ཁ་གསལ་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བལྟས་ན་གར་སོང་ཆ་མེད་དུ་གྱུར་པ་ནི་གཞུང་གི་ལས་དོན་མི་སྣས་གང་ཟག་གང་རུང་ཞིག་འཇུ་བཟུང་བྱས་ཏེ། གང་ཟག་དེའི་གནས་བབ་དང་། ས་གནས་གང་དུ་ཡོད་མེད་ཁ་གསལ་མེད་པ་དང་། གང་ཟག་དེའི་རང་དབང་ལ་དོ་ཕོག་འགྲོ་བ་ཁས་ལེན་མི་བྱེད་པའི་དབང་གིས་ཁོ་ཚོའི་ཁྲིམས་ཐོག་གི་སྲུང་སྐྱོབ་མེད་པར་གྱུར་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བོད་ནང་གི་བོད་མི་མང་པོ་ཞིག་ཀྱང་གནས་བབ་དེ་འདྲ་ཞིག་གི་འོག་གནས་ཡོད་”ཅེས་དང་། “རང་དབང་ཅན་གྱི་ལས་དོན་ཚོགས་ཆུང་ལྟ་བུ་ཞིག་ཆེད་བསྐྱོད་བྱས་ཏེ། གར་སོང་ཆ་མེད་ཐོག་ཞིབ་འཇུག་མ་བྱས་ཚེ་རྒྱ་གཞུང་གི་གླེང་ཕྱོགས་དེ་ང་ཚོས་ཡིད་རྟོན་འཕེར་བ་ཞིག་གཏན་ནས་མ་རེད།  ཕྱི་ལོ་༢༠༡༣ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་དཔྱད་ཞིབ་བྱེད་སྐབས་རྒྱ་ནག་གཞུང་གིས་གར་སོང་ཆ་མེད་ཀྱི་སྐྱེ་བོ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ལ་མིང་རྟགས་འགོད་པའི་དགོས་པ་མི་འདུག་ཅེས་གཡོལ་ཐབས་བྱས་ཡོད་རེད། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༢ ལོར་བསྐྱར་བཅོས་བྱས་པའི་ཉེས་ཁྲིམས་དོན་ཚན་༧༣ ནང་། ཉེན་རྟོག་པས་འདེམས་ཁ་བྱས་པའི་ས་གནས་གང་རུང་ཞིག་ལ་ཟླ་དྲུག་དོགས་སྲུང་བྱེད་པ་དེ་ཁྲིམས་མཐུན་ཡིན་ཞེས་འཁོད་ཡོད་པ་མ་ཟད། གལ་ཏེ་གང་ཟག་ཅིག་གི་ནག་ཉེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས། ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་ཚེ་ཉེན་རྟོག་པས་གང་ཟག་དེེའི་གཉེན་ཉེ་སོགས་ཀྱིས་ཤེས་རྟོགས་མི་ཐུབ་པའི་ས་གནས་ཞིག་ལ་བཞག་ན་འགྲིག་གི་ཡོད་ཅེས་འཁོད་ཡོད་”ཅེས་དང་། དེ་དག་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་ཡིན་སྐོར་དང་། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྲུང་སྐྱོབ་བྱ་རྒྱུའི་ཐད་གུས་བརྩི་ཞུ་རྒྱུ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཆགས་ཡོད་སྐོར་སོགས་འཁོད་འདུག

གསལ་བསྒྲགས་ཀྱི་འཇུག་ཏུ་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་བཞི་བཏོན་འདུག་པ་ནི།

༡) རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་པའི་ལས་དོན་ཚོགས་ཆུང་རྒྱ་ནག་ལ་ཆེད་བསྐྱོད་བྱས་ཏེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་བབ་ཁ་གསལ་བཟོ་དགོས།

༢) རྒྱ་གཞུང་གིས་ལྐོག་ཏུ་འཇུ་བཟུང་གིས་ས་གནས་ངེས་ཅན་ཞིག་ལ་བཙན་འཇོག་ཆོག་པའི་ཁྲིམས་ལུགས་དེ་མེད་པ་བཟོ་དགོས།

༣) རྒྱ་གཞུང་གིས་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་སྐྱེ་བོའི་གནས་བབ་སྲུང་སྐྱོབ་བྱེད་པའི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དགོས།

༤) རྒྱ་གཞུང་རྒྱལ་སྤྱིིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དེའི་ཐད་འགན་འཁུར་དང་བརྩི་བཀུར་བྱེད་དགོས། ཞེས་པ་བཅས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༡ ཀློག་གྲངས།