གཞི་རིམ་སློབ་གྲྭ་ཁག་སཾ་བྷོཊའི་ཁྱབ་ཁོངས་སུ་བསྒྱུར་ཟིན་པ་དག་སྔར་ལས་ལྷག་ཡར་རྒྱས་འགྲོ་ཡི་ཡོད་དམ།

ངས་དེ་རིང་བོད་མིའི་རྒྱུད་ལ་ངན་གོམས་སུ་ཕྱིན་པའི་གཤིས་ཀ་ཞིག་གི་དཔེ་རུ་དྲངས་ནས་བརྗོད་གཞི་དངོས་འགོ་འཛུགས་བྱེད་ཀྱི་ཡིན། དཔེ་དེ་གང་རེད་ཅེས་ན། མགོ་ལེགས་མཇུག་ངན། ཞེས་པའི་སྐད་ཆ་འདི་ནི་གདོང་དམར་བོད་མིའི་ལས་ཀའི་གཤིས་ཀ་ཞིག་ཏུ་འཁུམས། བོད་པ་ཚོས་ལས་ཀ་གང་བྱེད་ཀྱང་དང་ཐོག་ཧ་ལས་དགོས་པའི་བྱ་བ་འགོ་བརྩམས། མཐར་ལས་གཞི་དེ་མཇུག་གཏན་ནས་སྐྱོང་མི་ཐུབ་པ་དེ་རེད། དཔེ་མཚོན་ཆུང་ཆུང་ཞིག་བཞག་ན། བཙན་བྱོལ་ནང་དུས་དེབ་དང་ཚགས་ཤོག་གང་འདྲ་མང་པོ་ཐོག་མར་མིང་རྫིག་པ་གཅིག་གི་འོག་བཏོན། དུས་ཡུན་གང་ཙམ་སོང་དུས་ནུབ་རིའི་ཕྲག་པའི་སྒང་ནས་བཞུད་འགྲོ་བ་ལྟར་བུ་རེད། དེས་ན་བཙན་བྱོལ་བོད་མིའི་བཀའ་ཤག་གཙོས་འགན་འཁུར་མི་སྣ་དག་གིས་རང་ནུས་གང་ཡོད་བཏོན་ནས་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཡོད་པའི་བོད་ཀྱི་སློབ་གྲྭ་འགའ་ཤས་མ་གཏོགས་ཁྱོན་སམ་བྷོཊའི་ཁྱབ་ཁོངས་སུ་བསྒྱུར་ཟིན། འོན་ཀྱང་། བོད་མི་རང་གིས་འཛིན་སྐྱོང་བྱས་པའི་སཾ་བྷོཊའི་ཁྱབ་ཁོངས་འོག་ཡོད་པའི་སློབ་གྲྭ་ཁག སློབ་གྲྭའི་སྒོ་བྱང་མིང་བསྒྱུར་བྱེད་ཐུབ་པ་ཙམ་དང་། སྒྲིག་ཆས་བརྗེ་ཐུབ་པ། རྒྱ་གར་དགེན་བརྗེ་ཐུབ་པ་ཙམ། སཾ་བྷོཊར་བསྒྱུར་ཡོད་ཅེས་མིང་གྲགས་ཁྱབ་ཐུབ་པ་ལས། སློབ་མའི་ཤེས་ཡོན་ཆུ་ཚོད་དང་བོད་ཀྱི་སྐད་ཡིག་ནི་རང་འཇགས་རེད།

ད་རུང་ཁོར་ཡུག་ཁྲ་ཁྲ་ཟང་ཟིང་ལྟ་བུ་ཏོག་ཙམ་ཡར་རྒྱས་ཕྱིན་པ་ལས་དོན་དངོས་པོ་ཤེས་ཡོན་ཐོག་ཕྲན་བུ་ཙམ་ཡང་ཡར་རྒྱས་ཕྱིན་མི་འདུག་ཅེས་ཁ་ཚོན་བཅད་ནས་བཤད་འདོད། དཔལ་ལྡན་སྲིད་སྐྱོང་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་སློབ་གྲྭའི་ཕྱིའི་རྣམ་པ་རྐྱང་པ་རྫིག་པོ་དང་མཛེས་པོ་བཟོས་པ་མ་ཡིན་པར་སློབ་མའི་ཤེས་ཡོན་ཐོག་ཏོག་ཙམ་ཐུགས་སྣང་གནང་ཐུབ་ན་དགེ་མཚན་ཆེ་བ་མཐོང་།

ཡུན་རིང་དགེ་རྒན་གྱིས་ལས་འཁུར་ཞུ་བའི་རྒན་རབས་པ་གཅིག་ལ་འདིའི་སྐོར་བཀའ་འདྲི་ཞུས་པས། ཁོང་གིས་སྃ་བྷོཊར་ཚུར་བསྒྱུར་ནའང་ཁོར་ཡུག་དང་ཕྱིའི་རྣམ་པ་ལ་འགྱུར་བ་འགྲོ་མདོག་ཁག་པོ་རེད། ང་ཚོ་བོད་པ་ཟེར་བ་དེ་དེ་འདྲ་བཟོ་རྒྱུ་ལ་དགའ་བོ་འདུག་ག གཞན་སློབ་སྦྱོང་ཐོག་དམིགས་བསལ་སྔར་ལས་ལྷག་ཡར་རྒྱས་འགྲོ་བའི་བསམ་པ་གཏན་ནས་མེད་ཅེས་གསུངས་པ་བཞིན་གུས་ནས་ཀྱང་སྔ་ཕྱི་རིམ་པར་བརྟག་དཔྱད་རིམ་པ་བྱས་ཀྱང་སློབ་སྦྱོང་ཐོག་དེ་འདྲ་འགྱུར་བ་འགྲོ་སོང་བསམ་པ་དང་ཁྱད་པར་བོད་ཡིག་ནི་སྔར་ལས་སྡུག་ཏུ་ཕྱིན་མེད་ནའང་ཡག་ཏུ་རྩ་བ་ནས་ཕྱིན་མི་འདུག

སྃ་བྷོཊ་ཡི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཁག་ད་དུང་ཕལ་མོ་ཆེ་བ་དབྱིན་ཡིག་ཡིན་པ་ལས་བོད་ཡིག་བཀོལ་བྱེད་མི་བྱེད་པ། སློབ་གྲྭའི་སློབ་སྤྱིས་སློབ་གྲྭའི་ལས་དོན་དང་འབྲེལ་བ་མང་པོ་དབྱིན་སྐད་ཐོག་བཤད་པ། བརྡ་སྦྱོར་དང་འཕྲེད་དར། གསལ་བསྒྲགས་སོགས་ཀྱང་དབྱིན་ཡིག་གིས་བརྒྱ་ཆ་དགུ་བཅུ་ཟིན་ཡོད་པ། དེར་བརྟེན། དེ་སྔ་དང་བསྡུར་ན་བོད་ཡིག་བཀོལ་སྤྱོད་རང་འཇགས་ལས་ནམ་ཡང་འགྱུར་མི་འདུག གལ་ཏེ་གསལ་བསྒྲགས་སོགས་ལ་དབྱིན་ཡིག་དགོས་ངེས་ཅན་ཡིན་ན་དབྱིན་བོད་ཤན་སྦྱར་བཟོས་ཆོག འོན་ཀྱང་། དེ་ཡང་དཀོན་པོ་རེད། མཐའ་དོན་རེ་སྐུལ་ཞུ་རྒྱུ། འཛིན་སྐྱོང་དང་དབུ་ཁྲིད་རྣམ་པས་ཤེས་ཡོན་ཐོག་ཐུགས་བསམ་རྒྱ་ཆེ་བཞེས་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་སོང་ངོ་།། བོད་རྒྱལ་ལོ། བོད་སྐད་རྒྱལ་ལོ། ༢༠༡༨།༨།༢༩ རིག་ཡག་གིས།

Share this:
༨༢༥ ཀློག་གྲངས།