ཡར་ཀླུང་གཙང་པོ་རྒྱས་ནས་ཨ་རུ་ན་ཅལ་དང་ཨ་སམ་ལ་ཉེན་ཁ་ཡོད་པའི་ཉེན་བརྡ།

བོད་ནང་དུ་ད་ལྟ་ཡར་ཀླུང་གཙང་པོ་རྒྱས་བཞིན་པའི་གནས་སྟངས་འདི་ནི་འདས་པའི་ལོ་ངོ་༥༠ རིང་ལ་བྱུང་མ་མྱོང་བ་ཞིག་ཡིན་སྐོར་རྒྱ་གར་དབུས་གཞུང་ཆུ་བོའི་ལྷན་ཁང་གི་ལས་བྱེད་རྒན་གྲས་ཤིག་གིས་བརྗོད་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཁ་འབབ་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཡར་ཀླུང་གཙང་པོ་རྒྱས་ནས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་། ཨ་སམ་ཁུལ་གྱི་མི་མང་གཙང་པོའི་འབབ་རྒྱུན་གྱི་གཡས་གཡོན་དུ་སྡོད་མཁན་རྣམས་ལ་ཆུ་བོའི་འཇིག་པ་ཡོང་སྲིད་པའི་ཉེན་བརྡ་ཞིག་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་བཏང་ཡོད་པ་ཨ་རུ་ན་ཅལ་གྱི་སྐུ་ཚབ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནཱི་ནོང་ཨེ་རིང་གིས་ཕྱི་ཟླ་༨ པའི་ཕྱི་ཚེས་༣༠ ཉིན་བརྗོད་ཡོད་འདུག

དེ་ཡང་ཁོང་གིས་“རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆུ་ལོག་གི་འཇིག་པ་འབྱུང་སྲིད་པའི་ཉེན་བརྡ་རྒྱ་གར་གཞུང་ལ་བཏང་ཡོད་པ་ས་གནས་ཀྱི་དཔོན་པོ་ཚོས་ང་ལ་བརྗོད་བྱུང་། ང་ཚོས་ཉེན་བརྡ་དེ་སྣང་མེད་དུ་མ་བཏང་བར་དོ་སྣང་ཆེན་པོས་མང་ཚོགས་ལ་གོ་བརྡ་སྤྲད་དགོས་རེད་”ཅེས་དང་། “ང་རང་ཉིད་ཀྱི་གྲོང་གསེབ་ཀྱང་ཆུ་ལོག་གི་འཇིག་ཉེན་འོག་ཡོད་པ་རེད་”ཅེས་བརྗོད་ཡོད་འདུག་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ནང་ལ་ཆར་པ་ཤུགས་དྲག་བབས་ཏེ་གཙང་པོ་འཕྱུར་བའི་རྗེས་སུ་རྒྱ་གར་ལ་ཉེན་ཁ་ཡོད་སྐོར་གྱི་གནས་ཚུལ་དེ་བརྗོད་པ་ཞིག་ཡིན་སྐོར་ཡང་བརྗོད་ཡོད་འདུག

དེ་བཞིན་རྒྱ་གར་དབུས་གཞུང་ཆུ་བོའི་ལྷན་ཁང་གི་ལས་བྱེད་རྒན་གྲས་ཤིག་གིས་ཀྱང་། བོད་ནང་དུ་ད་ལྟ་ཡར་ཀླུང་གཙང་པོ་རྒྱས་བཞིན་པའི་གནས་སྟངས་འདི་ནི་འདས་པའི་ལོ་ངོ་༥༠ རིང་ལ་བྱུང་མ་མྱོང་བ་ཞིག་ཡིན་སྟབས། གནས་ཚུལ་དེ་རྒྱ་ནག་གཞུང་གིས་རྒྱ་གར་ལ་བརྗོད་པ་ཞིག་ཡིན་སྐོར་དང་། རྒྱ་གར་གྱི་མཁས་དབང་ཚོས་རྒྱ་ནག་གི་བཤད་པའི་གནས་ཚུལ་དེའི་ཐོག་བརྟག་ཞིབ་བྱས་ཀྱང་། བོད་ནང་གི་གནས་སྟངས་བཞིན་རྒྱ་གར་ནང་ལ་ཆུ་ལོག་གི་འཇིག་ཉེན་དེ་ཙམ་ཆེན་པོ་མེད་པ་བརྟག་ཞིབ་ཀྱི་མཇུག་འབྲས་བྱུང་སྐོར། འདི་ལོའི་ཕྱི་ཟླ་༥ པ་ནས་བཟུང་རྒྱ་ནག་གིས་ཆུ་བོའི་སྐོར་གྱི་གནས་ཚུལ་རྒྱ་གར་ལ་བརྗོད་འགོ་བརྩམས་ཡོད་པ་དང་། དེ་ནི་འདི་ལོའི་ཕྱི་ཟླ་༣ པའི་ནང་རྒྱ་དཀར་ནག་གཉིས་བར་ལ་ཆུ་བོའི་འཇིག་ཉེན་སོགས་ཀྱི་ཐོག་གྲོས་མོལ་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་སྐོར་བཅས་བརྗོད་ཡོད་འདུག

གཞན་ཡང་རྒྱ་ནག་གི་གསར་ལམ་ཁག་ལ་གཞིགས་ན། ཆུ་མཛོད་ཁག་ནས་ཆུ་བོ་(༩༠༢༠ cumec) ཙམ་གྱི་ཚད་གཞི་ཡར་ཀླུང་གཙང་པོའི་ནང་གློད་ཡོད་པའི་གནས་ཚུལ་ཡོད་འདུག་ཅིང་། དེ་ནི་ཆར་པ་འབབ་རྒྱུན་ཤུགས་ཆེ་དྲགས་ན་ཆུ་མཛོད་ནང་ཆུ་ཚད་ལས་བརྒལ་བ་འཁྱིལ་གྱི་ཡོད་སྟབས་དེ་ཉུང་འཕྲི་བྱེད་ཆེད་ཡིན་པ་རེད།

བོད་ཀྱི་ཡར་ཀླུང་གཙང་པོ་ནི་བོད་ནས་རྒྱ་གར་ཨ་རུ་ན་ཅལ་དུ་བཞུར་གྱི་ཡོད་ཅིང་། ཨ་རུ་ན་ཅལ་ནས་སི་ཡེང་གཙང་པོ་ཞེས་འབོད་ཀྱི་ཡོད་པ་དང་། དེ་ནས་ཨ་སམ་དུ་བཞུར་དུས་བྷར་མ་པུ་ཏི་ར་ཞེས་འབོད་ཀྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༤ ཀློག་གྲངས།