རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་ནིའུ་ཡོག་བོད་ཀྱི་རུ་ཁག་ལ་ཐོབ་འདུག

བྱང་ཨ་རིའི་དང་ཡུ་རོབ་ཁུལ་གྱི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་ཐེངས་གཉིས་པའི། མཐའ་མའི་རྩེད་འགྲན་སྐབས་ནིའུ་ཡོག་བོད་ཀྱི་རུ་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། སྐབས་སྔོན་མར་རྒྱལ་ཁ་ཐོབ་མཁན་ཆོལ་གསུལ་རུ་ཁག་ཕམ་འདུག

ཟླ་༩ པའི་ཚེས་༢ ཉིན་བོད་ཀྱི་མང་གཙོའི་ཉིན་མོར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཟླ་༨ པའི་ཚེས་༣༡ ནས་འགོ་འཛུགས་བྱས་པའི་བྱང་ཨ་རི་དང་ཡུ་རོབ་ཁུལ་གྱི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་ཐེངས་གཉིས་པའི་མཐའ་མའི་རྩེད་འགྲན་བྱས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕེབས་ཡོད་འདུག

མཐའ་མའི་རྩེད་འགྲན་དེ་ནིའུ་ཡོག་བོད་ཀྱི་རུ་ཁག་དང་ཁེ་ན་ཌ་ཀྲོ་རོན་ཀྲོའི་ཆོལ་གསུལ་རུ་ཁག་བར་བྱས་ནས། ནིའུ་ཡོག་བོད་ཀྱི་རུ་ཁག་གིས་སྤོ་ལོ་གསུམ་བླུགས་པ་དང་ཆོལ་གསུམ་རུ་ཁག་གིས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མི་འདུག་པས། མཐའ་མའི་རྒྱལ་ཁ་དེ་ནིའུ་ཡོག་བོད་ཀྱི་རུ་ཁག་(Team Tibet Newyork) ལ་ཐོབ་འདུག

བྱང་ཨ་རི་དང་ཡུ་རོབ་ཁུལ་གྱི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༦ ལོར་ཁ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་དུ་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་རུ་ཁག་༡༢ ཀྱིས་མཉམ་ཞུགས་བྱས་ཡོད་འདུག ཐེངས་འདིར་རུ་ཁག་༡༦ གིས་མཉམ་ཞུགས་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༨༣ ཀློག་གྲངས།