ངའི་ངོས་ནས་ལོ་བརྒྱ་སྐོར་ལ་སྡོད་ཐུབ་རྒྱུ་ཕལ་ཆེར་ཡོང་ཐུབ་པ་ཞིག་རེད།

ཁྱོད་རང་ཚོས་རེ་བ་བརྒྱབ་པ་ནང་བཞིན་ངའི་ངོས་ནས་ཡིན་ན་ལོ་བརྒྱ་སྐོར་ལ་སྡོད་ཐུབ་རྒྱུ་ཕལ་ཆེར་ཡོང་ཐུབ་པ་ཞིག་རེད། དེ་ངས་སྨོན་ལམ་རྒྱག་གི་ཡིན་ཞེས་༧གོང་ས་མཆོག་གི་བསྟན་བཞུགས་སྐབས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པ་ནས་དབུ་འཛུགས་ཀྱིས་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། དྷ་སར་རྟེན་གཞི་བྱས་པའི་ཆུ་སྒང་། ཀ་རྡོར་སྒང་གསུམ་དང་ར་དབང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་བཅས་ཀྱི་ཚོགས་སྐྱིད་ཁག་ནས། ༧གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཆོག་གི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་ཡང་བརྟན་བཞུགས་ཕུལ་གྲུབ་མཚམས་༧གོང་ས་མཆོག་གིས་བརྟན་བཞུགས་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་དོན་དུ་“དེ་རིང་། བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཕྱིར།། ཞེས་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། དྷ་སར་རྟེན་བཞི་བྱས་པའི་ཆུ་སྒང་། ཀ་རྡོར་སྒང་གསུམ་དང་ར་དབང་ལ་བཅས་ཀྱི་ཚོགས་སྐྱིད་ཁག་ནས་བརྟན་བཞུགས་ཞེས། དེ་རིང་ཁྱོད་རང་ཚོས་ཚེ་སྙིང་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་། དེ་གར་ཁྲི་རིན་པོ་ཆེ་(དགའ་ལྡན་ཁྲི་པ་)ཡང་ཕེབས་ཡོད་རེད། ཧ་ཅང་ཡག་པོ་བྱུང་སོང་། ཁྱོད་རང་ཚོའི་ལས་བསྡོམས་ཟེར་དགོས་རེད་དམ། སྙན་ཞུ་དེ་ངས་ཆ་ཚང་ཀློག་ལོང་བྱུང་ཡོད་མ་རེད། གང་ལྟར་ཁྱོད་རང་ཚོ་ཚང་མས་དམ་ཚིག་གོང་བུ་གཅིག་གྱུར་གྱི་ཐོག་ནས་བརྟན་བཞུགས་བྱས་པ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་གི་ཁྱོད་རང་ཚོས་ཚེ་སྙིང་ཡིད་བཞིན་འཁོར་ལོའི་ཆོ་ག་གསུང་པའི་སྐབས་སུ་ངས་ཀྱང་གསལ་སྣང་བཏབས་པ་དང་། བླ་མ་གོང་མ་ཚོར་ཐུགས་བསྐྱེད་བསྐུལ་ནས་དམིགས་པ་བརྟན་པོ་འདྲ་བྱས་ཡིན། ཧ་ཅང་ཡག་པོ་བྱུང་སོང་། གང་ལྟར་ཚེ་རབས་བརྒྱུད་པའི་རྩ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་དེ་རིང་ཁ་སང་དངོས་སུ་སྤྱིར་འགྲོ་བ་ཡོངས་དང་། ཡང་དགོས་འཛམ་གླིང་འདི། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་མཛད་པར་སྐུ་དངོས་སུ་བཞུགས་ནས་གང་གནང་གི་ཡོད་མ་རེད། གང་ལྟར་རྩ་བརྒྱུད་ཀྱི་བླ་མ་གོང་མ་རྣམ་པའི་མིིའི་མི་ཚབ་དང་། གསུང་གི་གསུང་ཚབ་བྱེད་མཁན་དེ་ང་ཆགས་བསྡད་ཡོད་རེད་”ཅེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་ནས། ཁོང་གིས་སྟོན་པ་འཁོར་དང་བཅས་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་དེ་རིང་ཁ་སང་གི་འཛམ་བུ་གླིང་འདིའི་སྒང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ངོ་སྤྲོད་གནང་ནས་ལུང་རྟོགས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཐབས་སུ་ད་བར་གང་ཡོང་ཅི་ཡོང་གནང་ཡོད་པ་དང་། སླད་ཕྱིན་ཀྱང་ལོ་བརྒྱ་སྐོར་ལ་འཚོ་ཐུབ་ཐབས་དང་། དེའི་ཐོག་ནས་ང་ཚོ་བོད་མིས་མཚོན་པའི་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕན་ཐོགས་ཡོང་ཐབས་གནང་རྒྱུ་ཡིན་སྐོར། འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་བསྟན་པ་དེ་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་ཁ་ཡོད་ལག་ཡོད་ཐོག་རྒྱུ་མཚན་ལྡན་པའི་ཐོག་ནས་ངོ་སྤྲོད་རྒྱུ་ཡོད་བསྡད་པ་འདིར་པཎ་གྲུབ་བཅུ་བདུན་བཀའ་དྲིན་ཆེན་པོ་ཡིན་སྐོར། དཔལ་ན་ལེནྡྲའི་གཞུང་ལུགས་ཡོངས་རྫོགས་ཚང་ལ་མ་ནོར་བ་དང་། སངས་རྒྱས་ཀྱི་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཚང་མ་དཔྱིད་ཕྱིན་པ་ཡོད་ས་དེ་བོད་སྐད་རང་ཡིན་སྟབས། བོད་སྐད་ཡིག་གཅེས་འཛིན་བྱེད་རྒྱུ་ཕྱོགས་གཅིག་ནས་བསྟན་འགྲོར་ཞབས་འདེགས་དང་། ཕྱོགས་གཞན་ཞིག་ནས་གནའ་བོའི་བོད་ཀྱི་མེས་པོ་ཚོའི་རྣམ་དཔྱོད་ལས་བཀའ་བསྟན་བོད་འགྱུར་ཞུས་པ་རྣམས་ང་རང་ཚོས་རྒྱུན་འཛིན་བྱེད་རྒྱུ་དེ་འོས་འགན་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། བོད་སྐད་ཡིག་གཅེས་འཛིན་བྱེད་རྒྱུ་དེ་གལ་གནད་ཆགས་ཡོད་སྐོར་དང་། བསྟན་བཞུགས་འབུལ་མཁན་ཚོས་བོད་པའི་རིག་གཞུང་སྤྱི་དང་། ལྷག་པར་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་བྱེད་ཀྱི་ཡོད་པ་དང་། བདག་པོ་རྒྱག་གི་ཡིན་ཞེས་པ་དང་། ཚང་མ་གོང་བུ་གཅིག་གྱུར་ཐོག་དམ་ཚིག་ལྡན་པ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རྣམས་ཧ་ཅང་ཡག་པོ་ཡིན་སྐོར་སོགས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་“ཀ་རྡོར་སྒང་གསུམ་ཞེས་ང་དེ་སྔ་བོད་ལ་ཡོད་དུས་ཆུང་ཆུང་སྐབས་ནས་གོ་མྱོང་། རྡོ་རྗེ་གླིང་སྐྱིད་པོ་ཡོད་རེད། ཀ་ལིང་སྦུག་སྐྱིད་པོ་ཡོད་རེད་ཟེར་བ་ཆུང་ཆུང་སྐབས་ནས་གོ་མྱོང་། ཀ་ལིམ་སྦུག་དང་རྡོ་རྗེ་གླིང་། འབྲས་ལྗོངས་བཅས་ཀ་རྡོར་སྒང་གསུམ་ལབ་དུས་ཧ་ཅང་སེམས་ཐག་ཉེ་པོ་འདུག དེར་བརྟེན་ཁྱོད་རང་ཚོ་ཀ་རྡོར་སྒང་གསུམ་གྱི་ཐོག་ནས་བརྟན་བཞུགས་གནང་ནས་འདི་འདྲ་རེད། དེ་ག་ནང་བཞིན་ང་རང་ཚོ་བོད་ཀྱི་ཆོལ་ཁ་སོ་སོའི་ཁོངས་ཀྱིས་བརྟན་བཞུགས་གནང་བ་འདི་འདྲ་རེད། ཁྱེད་རང་ཚོ་དམ་ཚིག་ལྡན་པ་རེད། ང་འདིར་སྤྱིར་འཛམ་བུ་གླིང་འདིའི་སྒང་གི་སེམས་ཅན་ཚང་མ་ལ་ཕན་ཐོགས་བྱེད་རྒྱུར། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནི།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། ཞེས་ལབ་མཁན་ཞིག་ཡིན་དུས་འགྲོ་བ་མཆིས་སོ་ཅོག འགྲོ་བ་ཡིན་ནོ་ཅོག་ཚང་མར་དངོས་དང་བརྒྱུད་པའི་སྒོ་ནས་ག་རེ་ཕན་ཐོགས་བྱེད་ཐུབ་ན་བྱེད་ཀྱི་རེད། ཡང་སྒོས་སོ་སོའི་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཡོད་བསྡད་པ་དེ་བོད་གངས་ཅན་ཆགས་ཡོད་རེད། དེ་འདྲ་ཡིན་དུས་ཁྱོད་རང་ཚོས་རེ་བ་བརྒྱབ་པ་ནང་བཞིན་ངའི་ངོས་ནས་ཡིན་ན་ལོ་བརྒྱ་སྐོར་ལ་བསྡད་ཐུབ་རྒྱུ་ཕལ་ཆེར་ཡོང་ཐུབ་པ་ཞིག་རེད། དེ་ངས་སྨོན་ལམ་རྒྱག་གི་ཡིན། ད་ཡིན་ན་དངོས་ཡོད་གནས་ཚུལ་ལ་རྒད་པོ་ཆགས་ཡ་དེ་ཆོས་ཉིད་རེད། ཚེ་རིང་པོ་བསྡད་ཀྱི་ཡིན། རྒད་པོ་ཆགས་ཀྱི་མིན་ལབ་ན་ནོར་འཁྲུལ་རེད། ཚེ་རིང་པོར་བསྡད་ན་རྒད་པོ་ཆགས་ཆགས་པ་རེད། ཤེས་སོང་ངམ། ཡིན་ནས་ད་ལྟ་ལོ་༨༤ ལ་སླེབས་བསྡད་དུས་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ལ་གང་འཚམས་སླེབས་ཀྱི་ཡོད་རེད། སྔ་མོ་ངས་རྟག་པར་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ཙམ་བསྡད་ཐུབ་ཀྱི་རེད་ལབ་སྡོད་ཀྱི་ཡོད། ད་དགེ་འདུན་གྲུབ་པའི་དགུང་ལོའི་ཚོད་ལ་ཡར་སླེབས་ཀྱི་འདུག ད་ཡང་ཏོག་ཙམ་ཧམ་པ་འདྲ་པོ་ཚ་རུ་ཕྱིན་ནས་བརྒྱ་སྐོར་ལ་བསྡད་ཀྱི་ཡིན་ཟེར་གྱི་ཡོད་རེད། དེར་བརྟེན་དེ་འདྲ་ཡིན་དུས་ངའི་ངོས་ནས་གང་ལྟར་ཁ་ཡོད་ལག་ཡོད་དུ་མི་ལ་ཕན་གྱི་འདུག ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།། ཅེས་སྨོན་ལམ་རྒྱག་གི་ཡོད། ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི། །རང་དགར་བཀག་མེད་སྤྱོད་པར་ཤོག ། ཅེས་སྨོན་ལམ་རྒྱག་གི་ཡོད་རེད། སྨོན་ལམ་འདི་རྒྱག་པ་ནང་བཞིན་ཁ་ཡོད་ལ་གང་ལ་གང་འཚམས་ཀྱིས་ཕན་ཐོགས་ཡོད་དུས། ཕན་ཐོགས་ཡོད་ས་དེར་ག་ཚོད་ཚེ་རིང་པོ་བྱུང་ན་ཡག་པོ་རེད། དེར་བརྟེན་ང་རང་སེམས་ཤུགས་འདྲ་སྐྱེ་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས། དེར་རོགས་བྱེད་མཁན་དེ་སྟོང་ཉིད་ཀྱི་ལྟ་བ། དེ་གཉིས་ཀྱི་ཐོག་ནས་གང་ལྟར་སེམས་ལ་ཞུམ་པ་ཁྱོན་ནས་སྐྱེ་ཡི་མི་འདུག ག་དུས་ཡིན་ན་ཡང་སྤོབས་པ་འདྲ་པོ་ཞིག་སླེབས་བསྡད་ཀྱི་འདུག ང་རང་གི་ངོས་ནས་ཧུར་ཐག་བྱེད་རྒྱུ་རེད། ཁྱོད་རང་ཚོ་ཚང་མས་ཧུར་ཐག་བྱེད་དགོས་རེད་དཱ། ཤེས་སོང་ངམ། ཐུགས་རྗེེ་ཆེ།”ཞེས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༥༣ ཀློག་གྲངས།