རྒྱ་ནག་གི་ཨ་ཧྥི་རི་ཀའི་ནང་དངུལ་ཕོན་ཆེན་གཏོང་རྒྱུའི་ཐད་རྒྱལ་ནང་ནས་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གིས་བདེ་སྲུང་དང་དཔལ་འབྱོར་གྱི་ཐབས་བྱུས་ཆེད། ལྷོ་ཨ་ཧྥི་རི་ཀའི་གླིང་ཆེན་གྱི་རྒྱལ་ཁབ་ཁག་ནང་དངུལ་འབོར་ཕོན་ཆེན་མ་རྩ་འཇོག་རྒྱུ་ཁས་ལེན་བྱས་འདུག་པས། རྒྱ་ནག་གི་མི་སེར་ཁག་ཅིག་གིས་དྲ་ཐོག་ཏུ་ཕྱིའི་རྒྱལ་ཁབ་ལ་འགྲོ་སོང་ཆེན་པོ་གཏོང་བ་ལས། རྒྱལ་ནང་དུ་དབུལ་སེལ་ལས་འགུལ་ལ་འགྲོ་སོང་གཏོང་དགོས་པའི་སྐྱོན་བརྗོད་བྱས་འདུག་ཀྱང་། རྒྱ་ནག་གི་དྲ་ཐོག་སྟངས་འཛིན་ལས་བྱེད་པ་ཚོས་སྐྱོན་བརྗོད་དེ་རིགས་ལམ་སེང་ནག་གསུབ་བཏང་ཡོད་འདུག

ཟླ་༩ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༣ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། རྒྱལ་ས་པེ་ཅིང་དུ་རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་མཉམ་ལས་ལྷན་ཚོགས་ལ།  ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་གི་བུ་ལོན་ལ་གུ་ཡངས་གཏོང་རྒྱུ་དང་། དེའི་ཐོག་གླིང་ཕྲན་དེའི་རྒྱལ་ཁབ་ཁག་ལ་བུན་གཡར་དང་རོགས་དངུལ་ཨ་སྒོར་ཐེར་འབུམ་༦༠ འགྲོ་སོང་གཏོང་རྒྱུའི་གསལ་བསྒྲགས་བྱས་འདུག

རྒྱ་ནག་དང་ཨ་རི་གཉིས་བར་ཚོང་དམག་འགྲོ་བཞིན་པ་དང་བསྟུན་ནས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དལ་དུ་འགྲོ་བཞིན་ཡོད་ཀྱང་། ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་སོང་ཆེན་པོ་དེ་འདྲ་གཏོང་རྒྱུ་ཁས་ལེན་བྱས་པར་བརྟེན། རྒྱལ་ནང་དུ་མི་སེར་ཁག་ཅིག་གིས་དྲ་ཐོག་ཏུ་སྐྱོན་བརྗོད་བྱས་འདུག དེ་ཡང་ཁག་ཅིག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་འགྲོ་སོང་གཏོང་བའི་དངུལ་འབོར་དེ་དང་རྒྱ་ནག་ནང་དུ་ཤེས་ཡོན་དང་དབུལ་པོ་ཚོར་འགྲོ་སོང་གཏོང་གི་ཡོད་པའི་དངུལ་འབོར་གཉིས་བསྡུར་ནས་སྐྱོན་བརྗོད་བྱས་འདུག མཆན་འགོད་མཁན་ཞིག་གིས་ “དང་ཐོག་རང་གི་ཕྲུ་གུ་གསོ་སྐྱོང་བྱེད་དགོས་པ་རེད། རྒྱ་ནག་ནང་དུ་རང་བྱུང་དང་མིའི་བྱེད་ལས་ལ་བརྟེན་ནས་ཡོང་བའི་གོད་ཆག་མང་པོ་བྱུང་ཡོད་པས། སྐུ་མཁྱེན། ཁྱེད་རང་གིས་ཡོང་འབབ་ཞན་པའི་མི་མང་ཚོའི་བདེ་སྡུག་ལ་བལྟ་རོགས་”ཞེས་དང་། མཆན་འགོད་མཁན་གཞན་ཞིག་གིས་སྲིད་འཛིན་ཞི་ཅིན་ཕིང་གཞིར་བཞག་ནས་“མི་ཞིག་ལ་ཉ་སྤྲད་པ་ལས། ཉ་འཛིན་སྟངས་བསླབ་ན་བཟང་། ཨ་ཧྥི་རི་ཀར་མེད་པ་དེ་ནི་འགོ་ཁྲིད་ནུས་པ་ལྡན་པ་ཞིག་ཡིན་པས། ང་ཚོས་འགོ་ཁྲིད་འདི་ཞལ་འདེབས་སྤྲད་ན་འགྲིག”ཅེས་བྲིས་ཡོད་འདུག དེ་དང་འདྲ་བའི་སྐྱོན་བརྗོད་མང་པོ་ཞིག་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་སྤེལ་ཡོད་འདུག་ཀྱང་། རྒྱ་ནག་གི་དྲ་ཐོག་སྟངས་འཛིན་ལས་བྱེད་པ་ཚོས། མཆན་དེ་རིགས་ཞིབ་བཤེར་བྱས་ཏེ་ནག་གསུབ་བཏང་བཟིན་ཡོད་འདུག

སྐྱོན་བརྗོད་དེ་རིགས་དྲ་ཐོག་ནས་ནག་གསུབ་བཏང་བ་དང་སྦྲགས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཨ་ཧྥི་རི་ཀར་མ་འཇོག་ཕོན་ཆེན་བྱེད་པ་དེ་ནི་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་སྐོར་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་དངུལ་གྱི་ཐོག་ནས་གཅིག་པུར་བལྟ་མི་རུང་བ། ཕྱི་ལོ་༢༠༠༨ ལོར་རྒྱ་ནག་གི་ཝེན་ཅུན་ས་ཡོམ་གོད་ཆག་སྐབས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་ཉེན་སྐྱོབ་རོགས་རམ་བྱས་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གི་བདག་དབང་ལ་རྒྱབ་སྐྱོར་བྱས་པ་སོགས་ཐག་གཅོད་དེ་ཡག་པོ་ཡིན་རབས་ཁྱབ་སྤེལ་ཤུགས་ཆེན་བྱས་ཡོད་འདུག

རྒྱ་ནག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་ཨེ་ཤི་ཡ། དེ་བཞིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་དཔལ་འབྱོར་སྟོབས་ཤུགས་ཆུང་ཆུང་ཡིན་པ་ཁག་ལ་དཔལ་འབྱོར་དང་འཛུགས་སྐྲུན་གྱི་མཐུན་སྦྱོར་ཆེན་པོ་བྱས་ཏེ། རྗེས་སུ་རྒྱལ་ཁབ་དེ་དག་གིས་དུས་བཀག་ནང་བུན་གཡར་ཕྱིར་སློག་བྱས་མ་ཐུབ་པ་ཆགས་དུས། དམག་དོན་དང་དཔལ་འབྱོར་གྱི་ཐབས་བྱུས་ལ་གལ་ཆེན་ཡིན་པའི་རྒྱལ་ཁབ་དེ་དག་གི་མཚོ་ཁ་དང་གནམ་ཐང་སོགས་ལོ་མང་རིང་རྒྱ་ནང་གིས་བདག་བཟུང་བྱེད་རྒྱུའི་གྲོས་མཐུན་འཇོག་པ་དང་། རྒྱལ་ཁབ་དེ་དག་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་དུ་འཇུག་པ། མཉམ་འབྲེལ་རྒྱལ་ཁབ་ནང་རྒྱ་ནག་གི་ལང་ཕྱོགས་ལ་རྒྱབ་སྐྱོར་བྱེད་དུ་འཇུག་པ་སོགས་རྒྱ་ནག་གི་ཁེ་ཕན་ལ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦ ཀློག་གྲངས།