ཉི་ཧོང་ནང་མཚོ་རླུང་བརྒྱབས་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་འདུག

ཉི་ཧོང་དུ་འདས་པའི་མི་ལོ་༢༥ ནང་བྱུང་མ་མྱོང་བའི་མཚོ་རླུང་དྲག་པོ་ཞིག་བརྒྱབས་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཕོག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༤ ཉིན་ཉི་ཧོང་དུ་མཚོ་རླུང་དྲག་པོ་ཞིག་བརྒྱབས་པ་ལ་བརྟེན་ནས་མངའ་ཁུལ་ཁག་༢༠ ནང་གི་མི་༡༠ ཉུང་མཐར་འདས་གྲོངས་དང་། མི་༣༠༠ ལ་རྨས་སྐྱོན། ཁྱིམ་ཚང་ས་ཡ་གཉིས་ལྷག་ལ་རླུང་འཚུབ་སྐབས་གློག་ཆད་ཡོད་འདུག་ཁར། གནོད་འཚེ་ཕོག་ཡུལ་ས་ཁུལ་རྣམས་ཀྱི་སློབ་གྲྭ་དང་། ཚོང་ལས་ཁང་སོགས་ད་ལྟ་ཡང་སྒོ་བརྒྱབས་ཡོད་འདུག

གནོད་འཚེ་ཕོག་ཡུལ་ནི་ཉི་ཧོང་ནུབ་བརྒྱུད་ཀྱི་མངའ་ཁུལ་རྣམས་ཡིན་འདུག་ཅིང་། ཨོ་སི་ཀ་དང་ཀྱོ་ཊོ་སོགས་གྲོང་ཁྱེར་ཆེ་ཁག་འགའ་ཞིག་ཀྱང་གནོད་འཚེ་ཕོག་ཡུལ་ནང་ཚུད་ཡོད་འདུག

གཞན་ཡང་ཧའེ་གྷོ་མངའ་ཁུལ་ནང་གི་རིན་སྤར་ཚོང་སྒྱུར་བྱེད་ཡུལ་གྱི་རླངས་འཁོར་ས་ཚིགས་ཤིག་ནས། རླངས་འཁོར་༡༨༧ ལ་མེ་ཤོར་བའི་གནས་ཚུལ་བྱུང་ཡོད་འདུག་ཅིང་། དེའི་འབྱུང་རྐྱེན་གང་ཡིན་ད་ལྟ་གསལ་པོ་ཆགས་མེད་འདུག་ཀྱང་། ཉེན་རྟོག་པ་རྣམས་ཀྱིས་ཆར་པ་འབབ་པའི་སྐབས་སུ་གློག་ལམ་ལ་སྐྱོན་ཤོར་ནས་མེ་འབར་སྲིད་སྟབས་དེ་ཡིན་སྲིད་སྐོར་བརྗོད་བཞིན་ཡོད་འདུག

ད་ལྟའི་ཆར་ཉི་ཧོང་ནང་གི་མེ་འཁོར་དང་། གྲུ་གཟིངས། གནམ་གྲུ་བཅས་ཀྱི་འགྲོ་བསྐྱོད་ལ་འཇིགས་ཉེན་ཡོང་དོགས་ཀྱིས་བཀག་སྡོམ་བྱས་ཡོད་འདུག་ཅིང་། ཨོ་སི་ཀ་རྒྱལ་སྤྱིའི་གནམ་ཐང་ནས་འགྲོ་ལམ་འགག་པའི་མི་སྟོང་ཚོ་མང་པོ་ཉེན་སྐྱོབ་བྱས་ཡོད་འདུག་པ་མ་ཟད། རྒྱལ་སྤྱིའི་གནམ་ཐང་ཨོ་སི་ཀ་དང་ནཱ་གོ་ཡ་སོགས་གནམ་ཐང་ཁག་ནས་གནམ་གྲུ་༨༠༠ མ་ཟིན་ཙམ་གྱི་འཕུར་བསྐྱོད་དུས་ཐོག་བྱེད་མ་བཅུག་པར་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

མཚོ་རླུང་ལ་བརྟེན་ནས་ཁང་བརྩེགས་ཞིག་པ།
མཚོ་རླུང་གིས་རླངས་འཁོར་མགོ་རྟིང་སློག་པ།
Share this:
༡༦ ཀློག་གྲངས།