བུ་མོར་བཙན་གཡེམ་དང་དམར་གསོད་དོན་རྐྱེན་བྱུང་རྗེས་མ་ཚབ་འཛིན་བཟུང་བྱས་འདུག

བུ་མོ་རང་ལོ་༩ ལས་མ་སོན་པ་ཞིག་གི་མ་ཚབ་ཀྱིས་སྐྱེས་པ་བཞི་ལ་མོ་རང་གི་མཐོང་ས་ནས་བུ་མོ་དེར་བཙན་གཡེམ་བྱེད་དགོས་པ་བརྗོད་པའི་ཉེས་མིང་འོག་མ་ཚབ་དེ་འཛིན་བཟུང་བྱས་ཡོད་འདུག་ཅིང་། བུ་མོ་དེ་བཙན་གཡེམ་བྱས་རྗེས་ཡན་ལག་གཏུབ་ནས་དམར་གསོད་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ་༤ པའི་ནང་གི་བཙན་གཡེམ་དང་དམར་གསོད་ལ་ངོ་རྒོལ་སྐབས།

ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་འཛིན་སྐྱོང་མངའ་ཁོངས་འོག་ཡོད་པའི་ཀ་ཤི་མིར་ས་ཁུལ་དུ། བུ་མོ་རང་ལོ་༩ ལས་མ་སོན་པ་ཞིག་ལ་སྐྱེས་པ་བཞིས་བཙན་གཡེམ་བྱས་ནས་དམར་གསོད་བཏང་ཡོད་འདུག་ཅིང་། གནས་ཚུལ་དེ་དང་འབྲེལ་ནས་ད་ལྟའི་ཆར་མོ་རང་གི་མ་ཚབ་ཐེ་བའི་མི་༦ འཛིན་བཟུང་བྱས་ཡོད་འདུག

འབྲེལ་ཡོད་ལས་བྱེད་ཚོས་གནས་ཚུལ་འདིའི་ཐོག་བརྗོད་དོན་དུ་“རྐྱེན་ལམ་དུ་གྱུར་པའི་བུ་མོའི་མ་ཚབ་ཀྱིས་མོ་རང་གི་བུ་རང་ལོ་༡༤ ཡིན་པ་ཞིག་ཚུད་པའི་གཞན་མི་གསུམ་ལ་མོ་རང་གི་མཐོང་ས་ནས་བུ་མོ་དེ་བཙན་གཡེམ་བྱེད་དགོས་པ་བརྗོད་ཡོད་རེད་”ཅེས་དང་།“ཟླ་འདིའི་ཕྱི་ཚེས་༢ ཉིན་བྷ་ར་མུ་ལ་རྫོང་གི་ནགས་ཚལ་ཞིག་ནས་རྐྱེན་ལམ་དུ་གྱུར་པའི་བུ་མོའི་ཕུང་པོ་རྙེད་སོན་བྱུང་སོང་། བུ་མོར་མནར་གཅོད་བཏང་འདུག་པ་མ་ཟད། མོའི་ལུས་པོ་སྐྱུར་ཚས་(Acid)ཚིག་འདུག”ཅེས་བརྗོད་ཡོད་འདུག

ཉེན་རྟོག་པ་རྒན་པ་ཧུ་སེན་གྱིས་གནས་ཚུལ་འདིའི་ཐོག་“ཁྱོ་གའི་སྐྱེས་དམན་གཉིས་པ་དང་མོ་རང་གི་ཕྲུ་གུ་རྣམས་ལ་མ་ཚབ་ཀྱིས་གཏིང་ནད་འཛིན་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོག་བྱུང་སོང་”ཞེས་དང་། བུ་མོའི་ཕུང་པོ་རྙེད་སོན་བྱུང་བའི་ཉིན་༡༠ ཡི་གོང་ནས་བུ་མོ་དེ་བོར་བརླགས་ཤོར་ནས་གར་སོང་ཆ་མེད་གྱུར་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། མ་གཞི་རྐྱེན་ལམ་དུ་ཤོར་བའི་བུ་མོ་དེ་མོ་རང་གི་ཨ་ཕས་ཕྲུ་གུའི་ནང་ནས་གཅེས་ཤོས་སུ་བརྩི་བཞིན་ཡོད་སྟབས་མ་ཚབ་དེ་ཁོང་ཁྲོ་ལངས་བཞིན་ཡོད་སྐོར་གྱི་གནས་ཚུལ་ཡང་འདུག

གཞན་ཡང་ཧུ་སེན་གྱིས་“བུ་མོར་མི་མང་པོས་མཉམ་རུབ་ཀྱིས་བཙན་གཡེམ་བྱས་རྗེས་སྟ་རེ་བརྒྱབ་ནས་བསད་འདུག”ཅེས་དང་། བཙན་གཡེམ་བྱེད་མཁན་ཚོའི་ཁྲོད་ནས་སྐྱེས་པ་རང་ལོ་༡༩ ཡིན་པ་ཞིག་ལ་བུ་མོའི་ཡན་ལག་གཏུབ་མཁན་གྱི་ཉེས་འཛུགས་བྱུང་ཡོད་སྐོར་བརྗོད་ཡོད་འདུག

ད་ཐེངས་ཀྱི་བཙན་གཡེམ་དང་དམར་གསོད་ཀྱི་གནས་ཚུལ་འདི་ནི་ཉེ་བའི་ཟླ་ཤས་ནང་རྒྱ་གར་གྱི་འཛིན་སྐྱོང་མངའ་ཁུལ་འོག་ཡོད་པའི་ཀ་ཤི་མིར་ས་ཁུལ་དུ་བྱུང་བའི་འདི་འདྲའི་ཚབས་ཆེའི་གནས་ཚུལ་ཐེངས་གཉིས་པ་དེ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་༤ པའི་ནང་བུ་མོ་རང་ལོ་༨ ལས་མ་སོན་པ་ཞིག་ལ་སྐྱེས་པ་མང་པོས་མཉམ་རུབ་ཀྱིས་བཙན་གཡེམ་བྱས་རྗེས་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༩ ཀློག་གྲངས།