ཕོ་བྲང་དཀར་པོའི་མཐོ་རིམ་དཔོན་རིགས་ཁག་ཅིག་བར་ཊོམ་གནས་དབྱུང་གཏོང་རྒྱུའི་གླེང་སློང་བྱུང་ཡོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་ཁག་ཅིག་གིས། སྲིད་འཛིན་ཊོམ་གྱི་ལས་དོན་བྱེད་སྟངས་ལ་གཞིགས་ནས། ཁོང་ཨ་རིའི་རྒྱལ་ཁབ་ལ་ཉེན་ཁ་ཅན་ཞིག་མཐོང་སྟེ། སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་གཏོང་རྒྱུའི་སྐད་ཆ་བྱུང་ཡོད་འདུག་པ་དང་། དེ་བཞིན་སྲིད་འཛིན་ཁོང་ལ་མཐོང་རྒྱ་ཐོས་རྒྱ་གང་ཡང་མེད་པས། ཐག་གཅོད་མང་པོ་ཞིག་གང་དྲན་གྱིས་བྱེད་པར་དོགས་ནས། གལ་ཆེའི་ཡིག་ཆ་ཁག་ཅིག་ལ་མིང་རྟགས་མི་འགོད་པའི་ཆེད་དུ། སྲིད་འཛིན་གྱི་ཅོག་ཙེའི་སྟེང་ནས་སྦས་སྐུང་བྱེད་དགོས་འཁེལ་བ་སོགས་ཊོམ་ལ་སྲིད་འཛིན་བྱེད་པའི་ཆ་རྐྱེན་གང་ཡང་མེད་པའི་གནས་ཚུལ་ཐོན་ནས། ཕོ་བྲང་དཀར་པོའི་ནང་བརྟན་བརླིང་མེད་པ་ཆགས་འདུག

དེ་ཡང་ཟླ་༩ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་གསར་ཤོག་ཆེ་གྲས་ནིའུ་ཡོག་དུས་བབ་སྟེང། མིང་འདོན་བྱེད་འདོད་མེད་པའི་ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་ཅིག་གིས་རྩོམ་ཡིག་ཅིག་སྤེལ་འདུག་པ་དང་། དེའི་ནང་སྲིད་འཛིན་ཊོམ་གྱི་ངན་སྤྱོད་དང་མཇུག་འབྲས་ལ་བསམ་ཤེས་མེད་པའི་བྱེད་ལས་ཀྱིས་འགན་ཁྲི་དང་གོ་རྟོགས་མེད་པའི་ཐག་གཅོད་མང་པོ་བྱས་ཡོད་པ། འཛིན་སྐྱོང་ནང་མཐོ་རིམ་དཔོན་རིགས་ཁག་ཅིག་གིས། ཊོམ་གྱི་བྱེད་སྟངས་དེས་ཨ་རིར་གནོད་འཚེ་མི་ཡོང་ཆེད་སྟངས་འཛིན་གང་ཡོང་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་གིས་ཨ་རིའི་རྩ་ཁྲིམས་དོན་ཚན་༢༥ ལག་བསྟར་གྱིས་སྲིད་འཛིན་ཊོམ་གནས་དབྱུང་གཏོང་རྒྱུའི་གླེང་སློང་ཡང་བྱས་སྐོར་དང་། རྗེས་སུ་དེ་ལྟར་བྱས་ཚེ་ཟིང་ཆ་ཆེན་པོ་ལངས་རྒྱུ་ཡིན་པས་ལག་བསྟར་བྱས་མེད་པས། སྲིད་འཛིན་ཊོམ་གྱི་འཛིན་སྐྱོང་དེ་མཇུག་མ་བསྒྲིལ་བར། ཕོ་བྲང་དཀར་པོའི་ལས་དོན་དེ་ཁ་ཕྱོགས་བཟང་བར་འཁྲིད་གང་ཐུབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་ཡང་ཨ་རིའི་རྩ་ཁྲིམས་ལྟར་སྲིད་འཛིན་གཞོན་པ་དང་བློན་ཆེན་མང་མོས་བྱུང་ཚེ། སྲིད་འཛིན་གནས་དབྱུང་གཏོང་བའི་དབང་ཚད་ཡོད་པ་རེད་འདུག

སྲིད་འཛིན་ཊོམ་གྱིས་རྒྱུན་གཏན་ལྟར་གསར་ཁང་དེས་བཏོན་པའི་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་ཡོད་འདུག་པ་དང་། མིང་འདོན་བྱེད་འདོད་མེད་པའི་རྩོམ་ཡིག་འབྲི་མཁན་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་མེད་སྲིད་སྐོར་བརྗོད་འདུག་པ་དང་། ནིའུ་ཡོག་དུས་བབ་ཀྱིས་རྩོམ་ཡིག་དེ་སྤེལ་ཐུབ་པར་སྤོབས་པ་ཡོད་པ། ཨ་རིའི་མི་མང་ནང་ཊོམ་གྱི་འཛིན་སྐྱོང་ནང་གནས་ཚུལ་ག་རེ་འགྲོ་ཡི་ཡོད་པའི་གོ་རྟོགས་ཐོབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁྲོམ་རའི་ནང་ཐོན་ལ་ཉེ་བའི་དེབ་ཅིག་ནང་། རྩོམ་པ་པོས་མཐོ་རིམ་ལས་བྱེད་མང་པོ་ཞིག་ལ་བཅར་འདྲི་བྱས་ཏེ་སྲིད་འཛིན་ཊོམ་ནི་སྲིད་འཛིན་བྱེད་པའི་ཆ་རྐྱེན་གང་ཡང་མེད་མཁན་ཞིག་པ་དང་། མཐོ་རིམ་ལས་བྱེད་མང་པོ་ཞིག་གིས་ཊོམ་གྱི་གནས་ཚད་ལ་འཕྱ་སྨོད་དང་ཉེན་ཁར་ངོས་འཛིན་བྱེད་ཀྱི་ཡོད་པ། དེ་བཞིན་ཊོམ་གྱིས་སི་རི་ཡའི་སྲིད་འཛིན་བྷར་ཤ་ཨ་ས་ཌེ་ལྐོག་གསོད་བྱེད་རྒྱུའི་བཀའ་བཏང་བར། ཨ་རིའི་དམག་གི་སྒྲིག་འཛུགས་ཀྱིས་དཔོན་རིགས་ཚོས་ཁོང་ལ་ཁས་ལེན་བྱས་ཀྱང་། ནང་ཁུལ་དུ་དེ་ལྟར་མི་བྱེད་པའི་གྲོས་བྱས་པ་སོགས། འཛིན་སྐྱོང་ནང་ཊོམ་གྱི་ཐག་གཅོད་ལ་རྒྱབ་སྐྱོར་མི་བྱེད་མཁན་མང་པོ་ཡོད་སྐོར་བྲིས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག དེབ་དེ་འབྲི་མཁན་ནི་ཨ་རིའི་ནང་གུས་བརྩི་དང་སྐད་གྲགས་ཆེ་བའི་གསར་འགོད་པ་བྷོབ་ཝུ་ཌེ་ཝར་ཌ་ཡིན་འདུག་པ་དང་། ཁོང་གིས་ད་བར་ཨ་རིའི་སྲིད་འཛིན་མང་པོའི་ཐོག་ལ་རྩོམ་ཡིག་བྲིས་ཏེ་གདེང་འཇོག་ཆེན་པོ་ཐོབ་ཡོད་འདུག

ཉེ་བའི་ལོ་ཤས་ནང་པར་སྐྲུན་བྱས་པའི་དེབ་ཁག་ཅིག་ནང་། སྲིད་འཛིན་ཊོམ་གྱི་བསམ་བློའི་གནས་ཚད་དེ་ཕྲུ་གུ་ཆུང་ཆུང་ལྟར་ཡིན་པ་དང་། རྒྱལ་ཁབ་གཅིག་འཛིན་སྐྱོང་བྱེད་པའི་གནས་ཚད་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༤༧ ཀློག་གྲངས།