རྒྱ་གར་ནང་མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་བཟོས་འདུག

མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་ཁྲིམས་མི་ལོ་༡༥༧ རིང་གནས་པ་དེ། ད་ལྟ་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མགོ་རྟིང་སློག་ནས། མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་ཡིན་སྐོར་བསྒྲགས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་གནང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་དཔྱད་ཁྲ་ཞིག་གི་ནང་། མཚན་མཐུན་འཁྲིག་སྤྱོད་རྒྱ་གར་ནང་ཁྲིམས་མཐུན་ཡིན་སྐོར་བསྒྲགས་ཡོད་འདུག་པ་དང་། དཔྱད་ཁྲ་འདིས་ཕྱི་ལོ་༢༠༡༣ ལོའི་དཔྱད་ཁྲ་ཞིག་གི་ནང་ཁྲིམས་ལུགས་དོན་ཚན་༣༧༧ གཞིར་བཟུང་མཚན་མཐུན་འཁྲིག་སྤྱོད་ནི་‘དངོས་པོའི་གཤིས་ལུགས་དང་མི་མཐུན་པའི་ཁྲིམས་འགལ་’ཡིན་སྐོར་བརྗོད་པ་དེ་མགོ་རྟིང་སློག་ཡོད་འདུག

ཁྲིམས་ཁང་གི་ཕྱི་རོལ་དུ་ཡོད་པའི་ལས་འགུལ་བ་རྣམས་ཀྱིས་མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་བཟོས་པའི་གནས་ཚུལ་ཐོས་པ་དང་དགའ་བསུའི་འབོད་སྒྲ་སྒྲོག་བཞིན་ཡོད་འདུག་པ་མ་ཟད། ཁག་ཅིག་གིས་མིག་ནས་མཆི་མ་ཡང་གཏོང་བཞིན་ཡོད་འདུག

རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྷི་པཀ་མི་སི་རས། ཁོ་རང་གི་དཔྱད་ཁྲ་ཀློག་སྐབས་“འཁྲིག་སྤྱོད་ཁྲིམས་འགལ་བཟོས་པ་ནི། རྒྱུ་མཚན་མི་ལྡན་པ་དང་། རང་སྣང་གང་དྲན་ཅན། མངོན་གསལ་དོད་པོར་རྩ་ཁྲིམས་དང་འགལ་བ་ཞིག་རེད་”ཅེས་བརྗོད་ཡོད་འདུག་པ་མ་ཟད། ཨིན་ཌུ་མལ་ཧོ་ཊར་ཞེས་པའི་ཁྲིམས་དཔོན་གཞན་ཞིག་གིས་ཀྱང་། མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་རྣམས་སྤྱི་ཚོགས་ནས་ཟུར་ཕུད་བྱས་ཡོད་སྟབས་“ལོ་རྒྱུས་ཀྱིས་བཟོད་གསོལ་ཞུ་དགོས་པ་”མོ་རང་གིས་བསམ་བཞིན་ཡོད་སྐོར་བརྗོད་ཡོད་འདུག

མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་རྒྱ་གར་གྱི་ཁྲིམས་ནི་འཛམ་གླིང་ནས་གནད་དོན་འདིའི་ཐོག་གི་ཁྲིམས་ཆེས་རྙིང་ཤོས་གྲས་ཤིག་ཡིན་འདུག་པ་དང་། ཁྲིམས་འདི་བསྒྱུར་བཅོས་གཏོང་རྒྱུར་རྒྱ་གར་ནང་ནས་ངོ་རྒོལ་ཤུགས་ཆེན་པོ་བྱུང་ཡོད་འདུག

མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་རྒྱ་གར་གྱི་ཁྲིམས་དེ་ཕྱི་ལོ་༢༠༠༩ ལོར་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་གིས་ཐོག་མར་མགོ་རྟིང་སློག་ཡོད་འདུག་ཀྱང་། ཆབ་སྲིད་ཚོགས་པ་ཁག་ཅིག་དང་། སྤྱི་ཚོགས་དང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གིས་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་ཁྲིམས་དེ་བསྐྱར་གསོ་དགོས་པའི་སྙན་ཞུ་བྲིས་རྗེས་ཕྱི་ལོ་༢༠༡༣ ལོར་ཡང་བསྐྱར་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པ་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་། ད་ཐེངས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཚན་མཐུན་འཁྲིག་སྤྱོད་ཁྲིམས་མཐུན་ཡིན་པའི་དཔྱད་ཁྲ་བཏང་ཡོད་འདུག

སྤྱིར་རྒྱ་གར་ནང་མཚན་མཐུན་འཁྲིག་སྤྱོད་ཁྲིམས་འགལ་ཡིན་པའི་ཁྲིམས་འདི་ནི་མི་ལོ་༡༥༧ གོང་སྟེ། དབྱིན་ཇིའི་དབང་སྒྱུར་འོག་ཡོད་པའི་དུས་སྐབས་ནས་བཟོས་པའི་ཁྲིམས་ཞིག་ཡིན་འདུག་ཅིང་། ཁྲིམས་ལུགས་འདི་དང་འགལ་བའི་མི་རྣམས་ལ་ལོ་བཅུ་རེའི་བཙོན་འཇུག་ཁྲིམས་གཅོད་ཀྱི་ཉེས་ཆད་ཡོད་པ་རེད་འདུག ད་བར་རྒྱ་གར་གྱི་མཚན་མཐུན་འཁྲིག་སྤྱོད་པའི་ཚོགས་སྡེ་ཁག་གིས་ཁྲིམས་འདི་མེད་པ་བཟོ་རྒྱུར་འབད་བརྩོན་ཤུགས་དྲག་བྱས་ཡོད་འདུག་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཀྱང་། ཉེན་རྟོག་པ་རྣམས་ཀྱིས་ཁྲིམས་འདི་བེད་སྤྱོད་བྱས་ནས་མཚན་མཐུན་འཁྲིག་སྤྱོད་པ་རྣམས་ལ་མནར་གཅོད་དང་རྡུང་བརྡེག་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཐོབ་ཐང་འདྲ་མཉམ་གྱི་ལས་འགུལ་སྤེལ་མཁན་ཚོས་ཀྱང་ཁྲིམས་འདི་རྒྱ་གར་ནང་གནས་པ་ཙམ་གྱིས་སྤྱི་ཚོགས་དབྱེ་འབྱེད་ཡོད་པའི་བདེན་དཔང་ཡིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༧༡ ཀློག་གྲངས།