སྲིད་འཛིན་འོས་མི་ཞིག་ལ་གྲི་བརྒྱབ་འདུག

བྷེ་ར་ཛེལ་གྱི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། མི་རིགས་རིང་ལུགས་མཁྲེགས་འཛིན་པ་ཇེར་བྷོལ་སོ་ན་རོ་ལ། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་མི་ཞིག་གིས་གྲི་བརྒྱབ་འདུག་པ་དང་། ད་ལྟའི་ཆར་ཁོང་ཉེན་ཁ་ལས་གྲོལ་ནས་སྨན་ཁང་དུ་ཡོད་པ་རེད་འདུག

ཟླ་༩ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡོངས་གྲགས་སུ་མི་མང་པོ་ཞིག་གིས་བྷེ་ར་ཛེལ་གྱི་ཊོམ་ཞེས་བརྗོད་བཞིན་པའི་སྲིད་འཛིན་འོས་མི་ཇེར་བྷོལ་སོ་ན་རོ་ལ་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་གི་སྐབས། ཁོང་གི་རྒྱབ་སྐྱོར་བ་ཚོས་མི་མང་གི་དཀྱིལ་ནས་དཔུང་པའི་སྒང་བཞག་སྟེ་འཁྱེར་འགྲོ་བཞིན་པའི་སྐབས། མདུན་ནས་མི་ཞིག་གིས་གྲི་བརྒྱབ་འདུག་པ་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་ཉེན་ཁ་ལས་གྲོལ་ཡོད་ཀྱང་། སྨན་པས་བརྗོད་དོན་ལྟར་ན། ཁོང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་ཞུགས་རྒྱུའི་ཐད་དུས་འགྱངས་བྱེད་དགོས་ཁེལ་སྲིད་པ་དང་། དྲག་བསྐྱེད་ཡོང་བར་བདུན་ཕྲག་ཁ་ཤས་འགོར་སྲིད་སྐོར་བརྗོད་འདུག ཁོང་གི་བུས་གལ་ཏེ་སྨན་ཁང་གནད་དོན་ལྷག་ཡུལ་གྱི་འཁྲིས་སུ་མེད་ཚེ། ཁོང་གི་ཚེ་སྲོག་ཤོར་ཡོད་སྲིད་སྐོར་བརྗོད་འདུགཔ་དང་། ཉེན་རྟོག་པས་དོགས་ཡོད་མི་ཞིག་འཛིན་བཟུང་བྱས་འདུག

ཉེ་ཆར་གྱི་དྲ་ཐོག་བསམ་ཤོག་བསྡུ་ལེན་ཞིག་གི་གྲུབ་དོན་ལྟར་ན། ཁོང་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ངེས་པ་ཆེན་པོ་ཡོད་པ་དང་། དེ་ཡང་ཁོང་གི་འགྲན་རྩོད་པ་གཙོ་བོ་སྲིད་འཛིན་ཟུར་པ་ཌ་སེལ་ཝ་ལས་འོས་གྲངས་བརྒྱ་ཆ་༡༠ ཡིས་མང་བ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག

སྲིད་འཛིན་འོས་མི་ཁོང་གིས་མི་རིགས་དབྱེ་འབྱེད་དང་། བུད་མེད་ལ་མཐོང་ཆུང་། དེ་བཞིན་མཚན་མཐུན་དགའ་རོགས་བྱེད་མཁན་ལ་མི་དགའ་བ་སོགས་ཀྱི་སྐད་ཆ་མང་པོ་བཤད་ཀྱི་ཡོད་པས། མི་མང་པོ་ཞིག་གིས་ཁོང་ལ་བྷེ་ར་ཛེལ་གྱི་ཊོམ་ཞེས་བརྗོད་ཀྱི་ཡོད་པ་རེད།

རང་ལོ་༦༣ ཡིན་པའི་ཇེར་བྷོལ་སོ་ན་རོ་ནི་བྷེ་ར་ཛེལ་གྱི་དམག་མི་ཟུར་པ་དང་གྲོས་ཚོགས་མི་སྣ་ཡིན་པ་དང་། ཟླ་༧ པའི་ནང་ཁོང་གིས་ཟླ་༡༠ པའི་ནང་གི་སྲིད་འཛིན་འོས་བསྡུའི་འོས་མི་ལང་རྒྱུའི་གསལ་བསྒྲགས་བྱས་འདུག ཁོང་གིས་དེ་སྔོན་རྒྱལ་ཁབ་དེ་དབང་ཆ་གཅིག་སྡུད་རིང་ལུགས་དང་དམག་མིའི་འཛིན་སྐྱོང་འོག་ཏུ་གནས་པར་རྒྱབ་སྐྱོར་ཡོད་པའི་སྐད་ཆ་བཤད་མྱོང་འདུག སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཏུ་བྷེ་ར་ཛེལ་གྱི་མི་མང་ས་ཡ་མང་པོས་ཁོང་གི་རྗེས་སུ་འཇུག་གི་ཡོད་འདུག་པ་དང་། ལུང་པ་དེར་མེ་མདའི་དྲག་སྤྱོད་ཀྱི་གནད་དོན་བསྟུད་མར་ལྷག་བཞིན་ཡོད་ཀྱང་། ཁོང་གིས་མེ་མདའི་ཁྲིམས་ལྷོད་དུ་གཏོང་དགོས་པར་བརྗོད་ཀྱི་ཡོད་འདུག དེ་བཞིན་ཁོང་གི་མངལ་དབྱུང་ལ་ཁ་གཏད་གཅོག་བཞིན་པའི་ལྟ་བ་དེར། ཡེ་ཤུའི་ཆོས་སྡེ་ཞིག་གི་མི་མང་ས་ཡ་མང་པོས་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག

ཁོང་ལ་གྲི་བརྒྱབ་པའི་གནད་དོན་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། སྲིད་དོན་དང་བསམ་བློའི་འགལ་ཟླ་རྣམས་མང་གཙོའི་ལམ་ལུགས་བརྒྱུད་ནས་སེལ་དགོས་པ་ལས། དྲག་སྤྱོད་ལ་ནམ་ཡང་འཇུག་མི་རུང་བས། བྷེ་ར་ཛེལ་གཞུང་གིས་གནད་དོན་དེ་ཕྱོགས་ལྷུང་མེད་པའི་ཐོག་ནས། འཕྲལ་དུ་བརྟག་དཔྱད་བྱས་ཏེ་ཁོང་ལ་དྲང་བདེན་ཡོང་བ་བྱེད་དགོས་སྐོར་བརྗོད་འདུག

བྷེ་ར་ཛེལ་ནང་དྲག་སྤྱོད་དང་ལྐོག་ཟ་རུལ་སུངས། དེ་བཞིན་དཔལ་འབྱོར་ཉམས་རྒུད་སོགས་ཀྱི་རྐྱེན་པས། མི་རིགས་རིང་ལུགས་མཁྲེགས་འཛིན་མཁན་ཇེར་བྷོལ་སི་ན་རོ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཕོན་ཆེན་ཡོད་འདུག་པ་དང་། ཁོ་ཚོས་རྒྱལ་ནང་དུ་འགྱུར་བ་གསར་པ་དང་ཡག་པོ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༩༡ ཀློག་གྲངས།