སྨན་རིའི་ཁྲི་འཛིན་༣༤ པ་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ།

ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་འཚོགས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས། གཡུང་དྲུང་བོན་གྱི་བོད་མི་མང་སྤྱི་འཐུས་རྣམ་གཉིས་བཅས་ཕེབས་ཡོད་འདུག་པ་མ་ཟད། ཆོས་བརྒྱུད་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད་འདུག

མཛད་སྒོའི་སྐབས་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་མཎྡལ་གྱི་བཤད་པ་གྱེར་ཏེ། སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ནས་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་མཆོག་ལ་མཎྡལ་འདེགས་འབུལ་ཞུས་ཡོད་འདུག་པ་དང་། དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ། ཆོས་རིག་དྲུང་ཆེ་བཅས་ཀྱིས་མཎྡལ་འདེགས་འབུལ་ཞུས་ཡོད་འདུག་པ་མ་ཟད།  ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགོ་འཛིན་དང་སྐུ་ཚབ། ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་བླ་གྲྭ་དང་། སྐུ་མགྲོན་སོགས་ཀྱིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་།མཆོད་པ་རྣམ་ལྔ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན་སོགས་ཕུལ་བཞིན་གཤར་དབང་ཞུས་ཡོད་འདུག

དེ་རྗེས་ཉིན་རྒྱབ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ རིན་པོ་ཆེས་འདུ་ཁང་ཆེན་མོའི་ནང་། སེར་སྐྱ་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་བཀའ་དབང་གནང་ཡོད་འདུག་པ་དང་། ཕྱི་དྲོ་ཆུ་ཚོད་༦ ཐོག་བོན་ཕྲུག་བདེ་དོན་གྱི་རྩེད་ཐང་དུ་བྲོ་གཞས་སྣ་ཚོགས་འཁྲབ་སྟོན་གནང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༥ ཀློག་གྲངས།